ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཐེ་ཝན་གྱི་མཐུན་གྲོགས་ཚོས་རྒྱལ་ཚོགས་ལ་སྙན་ཞུ་ཕུལ་བ།


༄༅།། ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༨་ཀྱི་སྐུ་ཚབ་རྣམ་པས་ཐུན་མོང་གི་སྙན་ཞུ་ཞིག་ལ་མིང་རྟགས་བཀོད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་ཕུལ་ཏེ། ཐེ་ཝན་གྱི་གསར་འགོད་པ་ཚོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཁག་ཏུ་གསར་འགྱུར་སྤེལ་དུ་འཇུག་དགོས་པ་དང་ཐེ་ཝན་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་མཉམ་ཞུགས་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཡོད་པ་ཕྱིར་འཐེན་བྱ་དགོས་ཞེས་ནན་བརྗོད་བྱས་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་སྙན་ཞུ་འབུལ་མཁན་གྲས་སུ་བྷེ་ལི་ཟི་དང་སན་ཊི་ཀི་ཊི་སི་དང་ནེ་ཝྭེ་སི། སོ་ལོ་མོན་གླིང་ཕྲན་རྒྱལ་ཁབ་དང་ཐུ་ཝྭ་ལུ། ཧེ་ཊི་དང་ཀི་རི་བྷ་ཏི། ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་དང་ཨི་སི་ཝ་ཐི་ཎི་བཅས་ཡིན་རུང་རྒྱ་ནག་གི་བཀག་སྡོམ་འོག་ཏུ་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཁག་ལ་མཉམ་ཞུགས་བྱ་ཐུབ་རྒྱུ་དཀའ་ངལ་ཆེན་པོ་ཞིག་ཏུ་སྣང་།

ཐེ་ཝན་གྱི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་ཕུལ་བའི་སྙན་ཞུ་དེར་དོན་ཚན་གཙོ་བོ་བཞི་འཁོད་ཡོད་པ་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཁག་ལ་ཐེ་ཝན་མཉམ་ཞུགས་བྱེད་དུ་འཇུག་དགོས་པ་དང་། ཐེ་ཝན་མགྲོན་འབོད་བྱས་ནས་ཐེ་ཝན་གྱི་མཁས་པ་ཚོ་རྒྱལ་ཚོགས་ཀྱི་ཚོགས་འདུ་ཁག་ལ་མཉམ་ཞུགས་བྱེད་དུ་འཇུག་རྒྱུ། ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཁག་གི་གསར་འགྱུར་འགོད་དུ་འཇུག་རྒྱུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཁག་ལ་ལྟ་སྐོར་དུ་ཡོང་གི་ཡོད་པའི་ཐེ་ཝན་པ་ཚོས་རྒྱ་ནག་གིས་བཀྲམ་པའི་ལག་འཁྱེར་སྟོན་མི་དགོས་པ། ཐེ་ཝན་པ་ཚོ་རྒྱལ་ཚོགས་ཀྱི་ལས་ཁུངས་ཁག་ལ་ལྟ་སྐོར་དུ་ཡོང་དུས་རྒྱ་ནག་གིས་བཀྲམ་པའི་ལག་འཁྱེར་ཞིག་ཞུ་དགོས་པ་ནི་འོས་འཚམས་མ་རེད་ཅེས་ནན་བརྗོད་བྱས་འདུག

མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་སན་ཊི་ཀི་ཊི་སི་དང་ནེ་ཝྭི་སི་རྒྱལ་ཁབ་ཀྱི་རྒྱུན་བཞུགས་སྐུ་ཚབ་ཀྱིས་གསར་འགོད་པ་ཚོར་ང་ཚོ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་ཐུག་འཕྲད་བྱས་ནས་གྲོས་མོལ་ལྷུག་པོ་བྱུང་སོང་། རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཀྱང་ཐེ་ཝན་གྱི་གནས་སྟངས་ལ་སེམས་ཁུར་དང་ང་ཚོའི་ཞུ་གཏུག་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་བསྟན་སོང་ཞེས་བཤད་པར་མ་ཟད། སོ་ལོ་མོན་གླིང་ཕྲན་རྒྱལ་ཁབ་ཀྱི་རྒྱུན་བཞུགས་སྐུ་ཚབ་དེས་ཀྱང་ང་ཚོས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཁག་ལ་མཉམ་ཞུགས་བྱེད་དུ་འཇུག་དགོས། གལ་སྲིད་ཐེ་ཝན་རྒྱལ་ཚོགས་ཀྱི་ལས་དོན་ཁག་ལ་མཉམ་ཞུགས་བྱེད་དུ་བཅུག་ན་འགན་ཁུར་ལེགས་གྲུབ་ཐུབ་ཀྱི་རེད་ཅེས་སྐུལ་ལྕག་བཏང་བ་ཡིན་ཞེས་བཤད་མོད། འོན་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་༡༩༧༡་ལོར་བཞག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཨང་༢༧༥༨་ཀྱི་དགོངས་དོན་ལྟར་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཁག་ལ་མཉམ་ཞུགས་བྱེད་ཆོག་གི་མེད་པ་རེད་ཅེས་ལན་འདེབས་བྱས་འདུག ༡༩༧༡་ལོའི་ཕྱི་ཟླ་༡༠་ཚེས་༢༥་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐེངས་༢༦་པའི་ཐོག་ཏུ་པེ་ཅིང་གི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱ་ནག་གི་ཁྲིམས་མཐུན་སྐུ་ཚབ་འབའ་ཞིག་ཡིན་པའི་གྲོས་ཆོད་བཞག་སྟེ་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་ནས་ཕྱིར་འཐེན་བྱ་དགོས་ཐུག་ཡོད་པ་རེད།

དེང་སྐབས་འཛམ་གླིང་འདིར་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༡༧་ལས་མེད་ཀྱང་རྒྱ་ནག་གི་གནོན་ཤུགས་དང་དཔལ་འབྱོར་རོགས་རམ། རྒྱ་ནག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གཏན་འཇགས་ཚོགས་འཐུས་རྒྱལ་ཁབ་ཅིག་གི་དམིགས་བསལ་དབང་ཚད་ཡོད་པ་བཅས་ལ་བརྟེན་ནས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཅིང་། རྒྱ་ནག་གི་བཀག་འགོག་དང་གནོན་ཤུགས་འོག་ཏུ་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སོགས་ཚོགས་སྡེ་གང་ལའང་མཉམ་ཞུགས་བྱེད་ཆོག་གི་མེད་པ། ད་དུང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་ཐེ་ཝན་ཞེས་མིང་བྱང་འགོད་དགོས། ཐེ་ཝན་ཞེས་ལོགས་སུ་རང་བཙན་རྒྱལ་ཁབ་ལྟ་བུའི་མིང་བྱང་བཀོད་མི་ཆོག་ཅེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པར་བརྟེན། རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་གནོན་ཤུགས་དེར་དང་ལེན་བྱ་དགོས་ཐུག་གི་ཡོད་པས་ཐེ་ཝན་གཞུང་ལ་ཕྱོགས་གང་ཐད་དུ་རྒྱ་ནག་གི་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་སོང་འདུག

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG