ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨན་སན་ཇིའི་ཆེ་བསྟོད་ཀྱི་སྤྱི་དམངས་ཐོབ་ཐང་ཕྱིར་བསྡུ།


༄༅།། ཁེ་ན་ཌའི་གྲོས་ཚོགས་ཀྱིས་འབར་མའི་དབུ་ཁྲིད་ཨང་སན་ཇིར་ཆེ་བསྟོད་ཀྱི་ཁེ་ན་ཌའི་སྤྱི་དམངས་ཐོབ་ཐང་ཞིག་ཕུལ་ཡོད་པ་ཕྱིར་བསྡུ་བྱ་རྒྱུའི་གྲོས་ཆོད་བཞག་ཡོད་ཅིང་། ༢༠༠༧་ལོར་ཁེ་ན་ཌའི་གྲོས་ཚོགས་འོག་མས་འབར་མའི་དབུ་ཁྲིད་ཨང་སན་སུ་ཇིར་ཁེ་ན་ཌའི་ཆེ་བསྟོད་ཀྱི་སྤྱི་དམངས་ཐོབ་ཐང་ཕུལ་ཡང་༢༠༡༧་ལོར་འབར་མའི་གཞུང་གིས་ཡུལ་དེའི་རོ་ཧིན་གྷ་ཁ་ཆེ་གྲངས་ཉུང་མི་རིགས་འབུམ་༧་ལྷག་རང་ཁྱིམ་ནས་ཁྱིམ་མཚེས་རྒྱལ་ཁབ་བྷང་ག་ལར་ཕྱིར་ཕུད་བཏང་སྟེ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ཀྱང་ཨང་སན་སུ་ཇིས་དེ་ལ་བཀག་སྡོམ་བྱས་མེད་པར་བརྟེན། ཁེ་ན་ཌའི་གཞུང་གིས་ཨང་སན་སུ་ཇིར་ཕུལ་བའི་ཆེ་བསྟོད་ཀྱི་སྤྱི་དམངས་ཐོབ་ཐང་ཕྱིར་བསྡུ་བྱས་འདུག

འབར་མའི་དམངས་གཙོའི་དབུ་ཁྲིད་ཨང་སན་སུ་ཇི་ལོ་༡༥་ཡས་མས་ཤིག་ལ་རང་ཁྱིམ་དུ་བཟང་བཙོན་ལ་བཞུགས། ཁོང་ལ་༡༩༩༡་ལོའི་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ། ༢༠༡༦་ནས་ཨང་སན་སུ་ཇིས་འབར་མའི་དབུ་ཁྲིད་ཀྱི་ལས་འགན་བཞེས་ཀྱང་ཡུལ་དེའི་ནུབ་ཕྱོགས་སུ་ཆགས་པའི་ར་ཁན་མངའ་སྡེའི་ཁ་ཆེ་ཚོ་འབར་མའི་དམག་གིས་ཕྱིར་ཕུད་བཏང་བ་དང་ཁང་པ་མེར་སྲེག སྐྱེས་པ་རྣམས་སྡེབ་གསོད་བྱས་ནས་གདུག་རྩུབ་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ཀྱང་ཨང་སན་སུ་ཇིས་དེ་ལ་བར་འགོག་མ་བྱས་པར་འབར་མའི་ཁ་ཆེ་ཚོས་གཞུང་གི་བདེ་འཇགས་སྲུང་དམག་ལ་ཚུར་རྒོལ་བྱས་ནས་ཟིང་འཁྲུག་སློང་གི་ཡོད་པའི་འགྲེལ་བཤད་བརྒྱབ་སྟེ། རྒྱལ་སྤྱིའི་ཐོག་ཏུ་ཨང་སན་སུ་ཇིའི་མཚན་སྙན་དང་ཆེ་མཐོང་ལ་ནག་ཐིག་ཆེན་པོ་ཕོག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་འགའ་ཞིག་གིས་ཨང་སན་སུ་ཇིར་ཕུལ་ཡོད་པའི་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕྱིར་བསྡུ་བྱ་དགོས་ཞེས་ལས་འགུལ་སྤེལ་གྱི་ཡོད་པ་རེད།

ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ཞིག་ཏུ་འབར་མའི་དམག་གིས་ར་ཁན་མངའ་སྡེར་མི་རིགས་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་འདུག་ཅེས་བཀོད། ཁེ་ན་ཌའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཁེ་ན་ཌའི་གཞུང་གིས་རོ་ཧིན་གྷ་ཁ་ཆེ་གྲངས་ཉུང་མི་རིགས་ལ་མི་ཆོས་རིང་ལུགས་ཀྱི་སྐྱོབ་གསོ་རོགས་རམ་སྤྲོད་རྒྱུ་དང་འབར་མའི་དམག་གི་འགོ་ཁྲིད་ཚོར་ཚོང་ལས་དང་འགྲིམ་འགྲུལ་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་ཡིན། རོ་ཧིན་གྷ་ཁ་ཆེ་གྲངས་ཉུང་མི་རིགས་རང་ཁྱིམ་ནས་ཕྱིར་ཕུད་བྱེད་མཁན་ཉེས་ཅན་པ་ཚོར་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཁྲིམས་བཤེར་བྱ་དགོས་པའི་རྒྱབ་སྐྱོར་བྱ་འཆར་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ།

རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན་ཁེ་ན་ཌའི་གྲོས་ཚོགས་འོག་མས་ཨང་སན་སུ་ཇིར་ཕུལ་ཡོད་པའི་ཆེ་བསྟོད་ཀྱི་སྤྱི་དམངས་ཐོབ་ཐང་ཕྱིར་བསྡུ་བྱ་དགོས་ཞེས་གྲོས་ཆོད་བཞག་ཀྱང་འཕྲལ་ཏུ་ལག་ལེན་བསྟར་ཐུབ་པ་ཞིག་མིན་ཞིང་། ཨང་སན་སུ་ཇིར་ཆེ་བསྟོད་ཀྱི་སྤྱི་དམངས་ཐོབ་ཐང་ཁེ་ན་ཌའི་གྲོས་ཚོགས་གོང་འོག་གཉིས་ཀས་ཕུལ་ཡོད་པས་ཁེ་ན་ཌའི་གྲོས་ཚོགས་གོང་མས་ཀྱང་གྲོས་ཚོགས་འོག་མའི་གྲོས་ཆོད་དེར་མོས་མཐུན་བྱ་དགོས་པ་དང་། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཞིག་གིས་གྲོས་ཆོད་འདིར་མཚོན་དོན་ཟབ་མོ་ཞིག་ཡོད། རྒྱལ་སྤྱིའི་མི་སྣ་གྲགས་ཅན་ཞིག་ཡིན་རུང་མི་གསོད་ཁྲག་སྦྱོར་ལ་ལས་ངན་འབྲེལ་བྱས་ན་དེ་ལ་ངོ་རྒོལ་བྱ་དགོས་པའི་རྣམ་འགྱུར་གསལ་བོར་བསྟན་ཡོད། མི་རིགས་གཙང་སེལ་གྱི་ལས་དོན་ལ་འབྲེལ་བ་ཡོད་པའི་མི་ཞིག་ལ་ཁེ་ན་ཌའི་ཆེ་བསྟོད་ཀྱི་སྤྱི་དམངས་ཐོབ་ཐང་བཞེས་ཆོག་པའི་འོས་བབ་མེད་ཅེས་བཤད་འདུག

XS
SM
MD
LG