༄༅།།སྤྱི་ལོ་༢༠༡༨ལོའི་སྤྱི་ཟླ་༩ཚེས་༢༧ཉིན་གྱི་དགོང་མོའི་ཆུ་ཚོད་དགུ་པའི་ཐོག་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་ལ་མཛད་རྗེས་ཆེ་བའི་མཁས་པ་རྒན་རབས་ཆོས་རྒྱལ་ནམ་མཁའི་ནོར་བུ་མཆོག་ཨི་ཊི་ལིའི་མེ་སྒར་དགའ་བདེ་གླིང་གི་བཞུགས་གནས་སུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
མཁས་དབང་ནམ་མཁའི་ནོར་བུ་དམ་པ་ཁོང་ནི་ཐོག་མར་སྤྱི་ལོ་༡༩༣༨ལོར་བོད་ཤར་ཕྱོགས་ཀྱི་སྡེ་དགེ་འཇོ་མདའ་རྫོང་དུ་སྐུ་འཁྲུངས་ཤིང་། ཨ་འཛོམས་འགྲོ་འདུལ་དཔའ་བོ་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་བྱུང་བ་མ་ཟད། ཏཱའི་སི་ཏུ་པ་དང་རྒྱལ་བ་ཀརྨ་པས་འབྲུག་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཐུགས་སྤྲུལ་ལའང་ངོས་འཛིན་མཛད། སྡེ་དགེའི་དགོན་ཆེན་སོགས་རིས་མེད་ཀྱི་དགོན་སྡེ་ཁག་ཏུ་བཤེས་གཉེན་སྣ་མང་བསྟེན་ནས་སློབ་གཉེར་རྒྱ་ཆེར་མཛད། སྤྱི་ལོ་༡༩༥༤ལོའི་ཡས་མས་ནས་ས་གནས་གང་སར་བོད་ཡིག་དགེ་རྒན་གྱི་མཛད་ཁུར་བཞེས།
སྤྱི་ལོ་༡༩༦༠ལོར་ཡུ་རོབ་རྒྱལ་ཁབ་ཨི་ཊི་ལིར་ཕེབས་ནས་བོད་རིག་པའི་འབུམ་རམས་པའི་མཚན་བཏགས་བཞེས། ཁོང་གིས་བོད་སོག་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་སློབ་དཔོན་ཆེན་མོའི་ཐུགས་འགན་བཞེས་ཏེ་རིམ་བཞིན་རྫོགས་པ་ཆེན་པོའི་རིག་གནས་མཐུན་ཚོགས་དང་ཞང་ཞུང་དཔེ་སྐྲུན་ཁང་། རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཞིབ་འཇུག་ཁང་དང་ནུབ་ཕྱོགས་རྫོགས་ཆེན་འདུས་སྡེ་སོགས་གསར་དུ་བཙུགས་ནས་རྒྱལ་སྤྱིའི་ཐོག་ཏུ་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་མཛད་ཡོད་ལ། དམ་པ་དེ་ཉིད་ཀྱི་བརྩམས་ཆོས་གྲས་སུ་བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་མུ་ཏིག་ཕྲེང་བ་དང་ཞང་བོད་ལོ་རྒྱུས་ཏི་སིའི་འོད་སོགས་ཡོད་ཅིང་། ད་ལྟ་འཛམ་གླིང་རྒྱལ་ཁབ་༤༠ལྷག་ལ་རྫོགས་ཆེན་དང་ཞང་བོད་རིག་གནས་ཞིབ་འཇུག་གི་སློབ་གཉེར་ཁང་དང་ཆོས་ཚོགས་བཙུགས་ཡོད་པ་རེད།།