ངོ་འཕྲད་བདེ་བའི་དྲ་འབྲེལ།

བུད་མེད་ནི་ཀ་ཅ་ཞིག་མིན།


༄༅།། རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་བུད་མེད་ནི་ཀ་ཅ་ཞིག་མིན་ཞེས་དབྱིན་ཇིའི་དབང་སྒྱུར་དུས་སུ་གཏན་ལ་ཕབ་པའི་ལོག་གཡེམ་གྱི་བཅའ་ཁྲིམས་ཤིག་ལ་འཕྲུ་སློག་བཏང་ཞིང་། བཅའ་ཁྲིམས་དེས་བུད་མེད་རྣམས་ཀ་ཅ་ཙམ་དང་ཁྱོ་ག་རྣམས་བུད་མེད་དེའི་བདག་པོ་ལྟ་བུར་བརྩིས་ཡོད་པ་ནི་རང་སྣང་གང་དྲན་གྱི་བཅའ་ཁྲིམས་ཤིག་དང་རྒྱ་གར་གྱི་རྩ་ཁྲིམས་དགོངས་དོན་ལ་རྒྱབ་འགལ་རེད་ཅེས་ཐག་གཅོད་བྱས་འདུག

དབྱིན་ཇིའི་དབང་སྒྱུར་སྐབས་སུ་གཏན་ལ་ཕབ་པའི་བཅའ་ཁྲིམས་༤༩༧་པ་ལྟར་ན་སྐྱེས་པ་གང་ཞིག་གི་ཆུང་མར་སྐྱེས་པ་གཞན་ཞིག་ལ་ལྐོག་མཐུན་བྱ་འདོད་མེད་པའམ། ཡང་ན་ཁྱོ་གས་རང་གི་ཆུང་མ་སྐྱེས་པ་གཞན་ཞིག་ལ་གབ་མཐུན་བྱ་ཆོག་ཅེས་ལྐོག་ཏུ་ཆོག་མཆན་མེད་པར་སྐྱེས་པ་ཞིག་གིས་སྐྱེས་པ་གཞན་གྱི་ཆུང་མར་ལུས་འབྲེལ་བྱས་ན་ནག་ཉེས་ཡིན་ཞེས་ཐག་བཅད། བཅའ་ཁྲིམས་དེས་ཁྱོ་ག་དེར་ཆུང་མའི་དགའ་རོགས་ཁྲིམས་ལ་སྦྱོར་ཆོག་པའི་དམིགས་བསལ་གྱི་དབང་ཚད་སྤྲད་ཡོད་ཀྱང་ཆུང་མ་དེར་དབང་ཚད་འདྲ་མཉམ་ཞིག་མེད་ཅིང་། བུད་མེད་ཅིག་གིས་སྐྱེས་པ་གཞན་ལ་གབ་མཐུན་བྱས་པ་དང་གཉེན་སྒྲིག་ཟིན་པའི་སྐྱེས་པ་ཞིག་གིས་གཉེན་སྒྲིག་མ་བྱས་པའི་བུད་མེད་ཅིག་ལ་ལུས་འབྲེལ་བྱས་ན་ཁྲིམས་འགལ་ཡིན་ཞེས་གསལ་བཀོད་བྱུང་མེད། བཅའ་ཁྲིམས་འདི་ལོ་༡༥༨་གྱི་གོང་དུ་རྒྱ་གར་དབྱིན་ཇིའི་དབང་སྒྱུར་འོག་ཏུ་ཡོད་པའི་དུས་སུ་གཏན་ལ་ཕབ་སྟེ་ལོག་གཡེམ་བྱེད་མཁན་ཚོར་ལོ་ལྔའི་བཙོན་འཇུག་དང་། བཙོན་འཇུག་གི་སྟེང་དུ་དངུལ་སྒོར་གྱི་ཆད་པ་གཅོད་ཆོག་པས་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་པས་བཅའ་ཁྲིམས་འདིས་སྐྱེས་པ་དང་བུད་མེད་གཉིས་ལ་ལྟ་སྟངས་འདྲ་མཉམ་ཞིག་འཛིན་གྱི་མི་འདུག ཁྲིམས་འདི་རང་སྣང་གང་དྲན་དང་བུད་མེད་ཀྱི་ཆེ་མཐོང་ལ་ཕོག་ཐུག་གཏོང་བའི་ཁྲིམས་ཤིག་རེད་ཅེས་ཐག་བཅད།

ཁྲིམས་ཞིབ་པ་ལྔའི་ཚོགས་ཆུང་འདིས་བཅའ་ཁྲིམས་འདི་སྐྱེས་པ་ཚོར་རང་གི་ཆུང་མ་རྣམས་ཀ་ཅ་ལྟར་ཉར་འཛིན་བྱེད་ཆོག་པའི་ཐོབ་ཐང་ཞིག་སྤྲད་ཡོད་པ་སྔ་མོ་ནས་མེད་པར་གཏོང་དགོས་ངེས་སུ་གྱུར་ཡོད། འདི་ནི་རྩ་ཁྲིམས་ཀྱི་ཀུན་སྤྱོད་དགོངས་དོན་ལ་མི་མཐུན་པའི་བཅའ་ཁྲིམས་ཤིག་རེད་ཅེས་ཐག་གཅོད་བྱས་པ་དང་། ཉེ་དུས་ཤིག་ནས་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་རྙིང་ཞེན་གྱི་སྲོལ་རྒྱུན་ལྟ་བས་རབ་ཏུ་བཅིངས་པའི་སྤྱི་ཚོགས་ཤིག་ལ་ཕོ་མོ་འདྲ་མཉམ་དང་འཁྲིག་སྤྱོད་ཀྱི་བཅའ་ཁྲིམས་ལེགས་བཅོས། རྒྱ་གར་དེང་རབས་ཅན་གྱི་སྤྱི་ཚོགས་ཤིག་ལ་བསྒྱུར་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པའི་གྲུབ་འབྲས་སུ་བརྩི་ཆོག ལོག་གཡེམ་ཁྲིམས་འགལ་མིན་པའི་བཅའ་ཁྲིམས་སྒྱུར་བཅོས་འདིར་སྲིད་བློན་མ་དྷིའི་གཞུང་འཛིན་ཚོགས་པས་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་པ་སྟེ། ཧིན་རྡུ་མི་རིགས་རིང་ལུགས་ཀྱི་གཞུང་འཛིན་ཚོགས་པས་འཁྲིག་སྤྱོད་ཀྱི་བཅའ་ཁྲིམས་འོག་ཏུ་ཕོ་མོ་གཉིས་འདྲ་མཉམ་ཡིན་པའི་ལེགས་བཅོས་གཏོང་དགོས། ཡིན་ནའང་ལོག་གཡེམ་ཁྲིམས་འགལ་མིན་པར་བསྒྱུར་ན་དགེ་མཚན་མེད་ཅེས་དགག་པ་རྒྱག་གི་ཡོད་ཀྱང་ཕྱོགས་འགལ་ཀོ་རེ་སི་ཚོགས་པའི་བུད་མེད་གྲོས་ཚོགས་འཐུས་མི་ཞིག་གིས་ཆེས་མཐོའི་ཁྲིམས་ཁང་གིས་ཐག་གཅོད་ཡང་དག་པ་ཞིག་བྱས་སོང་ཞེས་བསྔགས་པ་བརྗོད། གྲོས་ཚོགས་འཐུས་མི་དེས་བཅའ་ཁྲིམས་གང་ཞིག་གིས་བུད་མེད་ལ་རང་གི་ཁྱོ་གས་གཡེམ་བྱས་ན་ཁྲིམས་ལ་སྦྱོར་ཆོག་པའི་ཐོབ་ཐང་མེད་པ་དང་། ཆུང་མས་ལོག་གཡེམ་བྱས་ན་ཁྱོ་གས་ཁྲིམས་ལ་སྦྱོར་ཆོག་པའི་བཅའ་ཁྲིམས་ནི་དྲང་སྙོམས་ཀྱི་ཁྲིམས་ཤིག་མ་རེད་ཅེས་གསར་འགྱུར་སྤེལ། ཡུ་རོབ་རྒྱལ་ཁབ་ཨི་ཊི་ལར་གནས་སྡོད་ལོ་ན་༤༡་ལ་སོན་པའི་བུད་མེད་ཚོང་པ་ཤཱ་ཡེན་ཞེས་པ་ཞིག་གིས་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་ལ་སྙན་ཞུ་ཕུལ་ནས་བཅའ་ཁྲིམས་འདིར་སྒྱུར་བཅོས་བཏང་ནས་གྲུབ་འབྲས་སྨིན་ནོ།།

XS
SM
MD
LG