ངོ་འཕྲད་བདེ་བའི་དྲ་འབྲེལ།

གདན་ས་ཝྭེ་ཊི་ཁན་དང་ཐེ་ཝན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཉེ་ཆར་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་དང་རྒྱ་ནག་གཞུང་གིས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་དེ་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་ཁག་ལ་གདན་ས་ཝྭེ་ཊི་ཁན་གྱིས་ངོས་ལེན་གནང་རྒྱུ། རྒྱ་ནག་གཞུང་གིས་བླ་ཆེན་ཕོབ་མཆོག་རྒྱ་ནག་གི་ཡེ་ཤུ་ཆོས་དད་པ་རྣམས་ཀྱི་དབུ་ཁྲིད་ཡིན་པར་ཁས་ལེན་བྱ་རྒྱུ། ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་དང་རྒྱ་ནག་གཉིས་ཀྱི་ཕྱི་འབྲེལ་སླར་གསོ་བྱ་དགོས་པའི་གྲོས་མཐུན་བྱུང་རུང་སྐབས་དེར་གདན་ས་ཝྭེ་ཊི་ཁན་གྱི་ལས་སྣེ་ཚོས་བླ་ཆེན་ཕོབ་མཆོག་གི་བླ་བྲང་གིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པར་འགྱུར་བ་མེད། གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་གི་ཡེ་ཤུའི་ཆོས་དད་པ་ཚོར་འབྲེལ་བ་འཛིན་པར་རྒྱ་ནག་གཞུང་ལ་གྲོས་མཐུན་ཞིག་འཇོག་དགོས་བྱུང་ཡོད་ཅེས་བཀྲལ། ཡིན་ནའང་ཧོང་ཀོང་གི་ཆོས་རྗེ་འཇེ་སེབ་ཙེན་གྱིས་གདན་ས་ཝྭེ་ཊི་ཁན་དང་བླ་ཆེན་ཕོབ་མཆོག་གིས་ཐེ་ཝན་བློས་བཏང་ནས་རྒྱ་ནག་སྐམ་ས་ཆེན་མོར་ཕྱི་འབྲེལ་འཛུགས་རྒྱུའི་རྟགས་མཚན་འདུག་ཅེས་ཉེན་བརྡ་བཏང་ཡོད་པ་རེད།

ཐོག་མ་ནས་ཆོས་རྗེ་འཇེ་སེབ་ཙེན་གྱིས་རྒྱ་ནག་གཞུང་དང་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གྱིས་གྲོས་མོལ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་དང་རྒྱ་ནག་གཞུང་གིས་ཡེ་ཤུའི་ཆོས་དད་པ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པར་ངོ་རྒོལ། ཁོང་གིས་རྒྱ་ནག་ལ་ངེས་པར་དུ་དམངས་གཙོའི་སྒྱུར་བཅོས་གཏོང་དགོས་པའི་ལངས་ཕྱོགས་བཟུང་ཡོད་པར་མ་ཟད། ཆོས་རྗེ་འཇོ་སེབ་ཙེན་གྱིས་དུས་དང་རྣམ་པ་ཀུན་ཏུ་གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་ལ་འབྲེལ་བ་སླར་གསོ་བྱེད་ཚེ། ད་བར་རྒྱ་ནག་དམར་ཤོག་སྲིད་གཞུང་གི་བཀོད་འདོམས་ལ་མ་མཉན་པར་བླ་ཆེན་ཕོབ་མཆོག་དང་གདན་ས་ཝྭེ་ཊི་ཁན་ལ་གློ་སྙིང་བྲང་གསུམ་གཏད་པའི་རྒྱ་ནག་གི་ཡེ་ཤུའི་ཆོས་དད་པ་ཚོ་བློས་བཏང་བ་ཞིག་མཚོན་སྲིད། ཐ་ན་རྒྱ་ནག་ལ་ཡེ་ཤུའི་ཆོས་སྡེ་གསར་པ་ཞིག་ཚུགས་སྲིད་པའི་ཉེན་ཀ་ཡོད། གདན་ས་ཝྭེ་ཊི་ཁན་དང་རྒྱ་ནག་གཉིས་ཀྱིས་གྲོས་མཐུན་གང་འདྲ་ཞིག་ལ་མིང་རྟགས་བཀོད་ཀྱང་ཐེ་ཝན་བློས་གཏོང་དགོས་ཐུག་རྒྱུ་ཡིན་པ་གསལ་བོ་རེད། བླ་ཆེན་ཕོབ་མཆོག་གིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་འབྲེལ་བ་འཛུགས་རྒྱུའི་གྲ་སྒྲིག་འདུག ངས་བལྟས་ན་ཐེ་ཝན་མི་དམངས་ལ་རང་གི་བློ་གཏད་བཅོལ་ཡུལ་གྲོགས་པོ་ཞིག་གིས་ཁྲེལ་མེད་བྱས་ནས་བློ་ཕམ་ཚད་མེད་ཅིག་འབྱུང་རྒྱུའི་ཉེན་ཀ་འདུག་ཅེས་གསར་འགོད་པ་ཚོར་གླེང་མོལ་གནང་འདུག

ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་ནི་ཡུ་རོབ་གླིང་དུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་སྒྲིག་འཛུགས་གཅིག་པུ་དེ་ཡིན་ཞིང་། རྒྱ་ནག་གཞུང་གིས་པེ་ཅིང་དང་གདན་ས་ཝྭེ་ཊི་ཁན་གྱིས་གྲོས་མཐུན་གང་འདྲ་ཞིག་ལ་མིང་རྟགས་བཀོད་ཀྱང་སྔོན་ལ་གདན་ས་ཝེ་ཊི་ཁན་གྱིས་ཐེ་ཝན་ལ་ཕྱི་འབྲེལ་གཅོད་དགོས་པའི་རྩ་དོན་ཁས་ལེན་བྱེད་དུ་འཇོག་གི་ཡོད་ཀྱང་གདན་ས་ཝྭེ་ཊི་ཁན་གྱི་ལས་སྣེ་ཚོས་སྔར་བཞིན་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པར་འགྱུར་བ་མེད་ཅེས་ཁག་ཐེག་བྱེད་ཀྱི་ཡོད་མོད། འོན་ཀྱང་ཧོང་ཀོང་གི་ཆོས་རྗེ་འཇེ་སེབ་ཙེན་གྱིས་གདན་ས་ཝྭེ་ཊི་ཁན་གྱིས་ཆོས་སྤོང་ལྟ་གྲུབ་དོར་པའི་ལས་ངན་ཚབས་ཆེན་ཞིག་གསོག་གི་འདུག རྒྱ་ནག་གི་ཡེ་ཤུ་ཆོས་དད་པ་རྣམས་ཀྱང་ཆོས་སྤོང་ལྟ་གྲུབ་དོར་པའི་ལས་སུ་མཉམ་ཞུགས་བྱེད་དུ་འཇུག་འཆར་འདུག རྒྱ་གཞུང་གི་དབང་སྒྱུར་འོག་ཏུ་ཁྱིམ་ཚང་ཁག་ཏུ་ཚུགས་པའི་ཡེ་ཤུའི་ཆོས་དད་པ་ཚོས་ཆོས་འགོག་གི་སྡུག་བསྔལ་ཞིག་མྱོང་གི་ཡོད་ཅེས་གསུངས་ཡོད་པ་རེད།

དེང་སྐབས་རྒྱ་ནག་རྒྱལ་ཡོངས་སུ་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་བ་ས་ཡ་༡༢་ཙམ་ཡོད་པ་རྣམས་ཆོས་སྡེ་ཁག་གཉིས་སུ་གྱེས་ཡོད་པ་སྟེ། རྒྱ་ནག་གཞུང་གི་ཆག་མཆན་བཀོད་ནས་བཙུགས་པའི་རྒྱལ་གཅེས་རིང་ལུགས་ཀྱི་ཡེ་ཤུའི་ཆོས་ཚོགས་དང་རྒྱ་ནག་གཞུང་གི་བཀོད་འདོམས་ལ་མ་མཉན་པར་བཙོན་འཇུག་གི་མནར་གཅོད་སོགས་ལ་དང་ལེན། ཡེ་ཤུའི་གནམ་བདག་ཆོས་ལགུས་ཀྱི་གདན་ས་ཝྭེ་ཊི་ཁན་དང་བླ་ཆེན་ཕོབ་མཆོག་ལ་བློ་གཏད་བཅོལ་ཏེ་བཙུགས་པའི་ཡེ་ཤུའི་ཆོས་སྡེ་གཉིས་ཡོད་ཅིང་། རྒྱ་ནག་གཞུང་གི་ཆོག་མཆན་མེད་པར་བཞེངས་པའི་ཡེ་ཤུའི་ལྷ་ཁང་ཁག་སྲིད་གཞུང་གིས་གཏོར་བཤིག་བཏང་ནས་རྒྱ་ཕེབས་སྟེང་གི་རྒྱངས་ཤིང་རྣམས་བཀོག སྟོན་པ་ཡེ་ཤུའི་གསུང་རབ་དང་མཆོད་རྫས་རྣམས་གཞུང་བཞེས་བཏང་སྟེ་ཁྱིམ་ཚང་དང་ལྐོག་ཏུ་ཚུགས་པའི་ཡེ་ཤུའི་ཆོས་དད་པ་རྣམས་འཛིན་བཟུང་དང་བཀག་ཉར་། ཁོ་ཚོར་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཀྱི་ཡོད་པས་ཧོང་ཀོང་གི་ཆོས་རྗེ་འཇོ་སེབ་ཙེན་གྱིས་གདན་ས་ཝྭེ་ཊི་ཁན་ལ་རྒྱ་ནག་སྐམ་ས་ཆེན་མོར་ཕྱི་འབྲེལ་བཙུགས་ན་དགེ་མཚན་འདུག་གམ་ཞེས་དོགས་འདྲི་གནང་འདུག ཡིན་ནའང་བླ་ཆེན་ཕོབ་མཆོག་གི་བཀའ་འཁྲོལ་མེད་པར་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་༧་ལ་གདན་ས་ཝྭེ་ཊི་ཁན་གྱིས་ངོས་ངོས་ལེན་བྱས་ཤིང་། ཕྱི་ཟླ་༩་ཚེས་༢༥་ཉིན་བླ་ཆེན་ཕོབ་མཆོག་གིས་ཀྱང་གདན་ས་ཝྭེ་ཊི་ཁན་དང་རྒྱ་ནག་གཞུང་གིས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པ་འདིས་རྒྱ་གཞུང་གི་བཀོད་འདོམས་ལ་ཉན་གྱི་མེད་པའི་ཡེ་ཤུ་ཆོས་དད་པ་ཚོར་དཀའ་ངལ་འཕྲད་ངེས་རེད་ཅེས་གསུངས། དེར་བརྟེན་ཉམས་ཞིབ་པ་ཕལ་ཆེ་བས་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་ཕོབ་ཧྥ་རན་སེ་སི་འདི་བས་གདན་ས་ཝྭེ་ཊི་ཁན་དང་བླ་ཆེན་ཕོབ་མཆོག་ལ་འཛམ་གླིང་ཡུ་གྲུ་ཁག་གི་ཆོས་དཔོན་རྣམས་བསྐོ་བཞག་བྱེད་ཆོག་པའི་ལོ་རྒྱུས་ཀྱི་སྐུ་དབང་ཡོད་པ་རྣམས་བློས་གཏོང་གི་འདུག ཁོང་གིས་རྒྱ་ནག་གཞུང་ལ་ཡིད་ཆེས་བྱས་ནས་གྲོས་མཐུན་འཇོག་གི་ཡོད་པ་ནི་ཅོལ་ཆུང་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG