ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གི་ཡེ་ཤུའི་ཆོས་དད་པ་ཚོར་དཀའ་ངལ་འཕྲད་ངེས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱ་ནག་གཞུང་དང་ཡེ་ཤུའི་གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་གི་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་བྱེད་ཆོག་པའི་ལོ་རྒྱུས་ཀྱི་སྐུ་དབང་ཡོད་པ་དེར་འགྱུར་བ་བཏང་སྟེ། རྒྱ་ནག་གཞུང་གིས་བསྐོ་བཞག་ཟིན་པའི་ཡེ་ཤུའི་ཆོས་དཔོན་རྣམས་ལ་གདན་ས་ཝྭེ་ཊི་ཁན་གྱིས་ངོས་ལེན་བྱ་རྒྱུའི་གྲོས་མཐུན་བཞག་པའི་རྗེས་སུ་བླ་ཆེན་ཕོབ་ཧྥ་རན་སེ་སི་མཆོག་གིས་རྒྱ་ནག་གཞུང་ལ་མགོ་མ་སྒུར་པར་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་སར་བློ་གཏད་བཅོལ་མཁན་ནམ། ཡང་ན་རྒྱ་ནག་གཞུང་ལ་ཐོ་འགོད་མི་བྱེད་པའི་ཡེ་ཤུའི་ཆོས་དད་པ་ཁག་ཅིག་ལ་གྲོས་མཐུན་དེའི་རྐྱེན་གྱིས་དཀའ་ངལ་འཕྲད་རྒྱུ་ཉག་ཅིག་རེད་ཅེས་ངོས་ལེན་གནང་བར་མ་ཟད། གྲོས་མཐུན་གང་འདྲ་ཞིག་བཞག་ཀྱང་དཀའ་ངལ་འཕྲད་སྲིད། ཡིན་ནའང་གྲོས་མཐུན་དེའི་དམིགས་ཡུལ་གཙོ་བོ་ནི་ལོ་བཅུ་ཕྲག་མང་པོར་རྒྱ་ནག་གཞུང་གིས་ཡེ་ཤུའི་ཆོས་བརྒྱུད་ཀྱི་མཁན་པོ་བསྐོ་བཞག་བྱས་པའི་རྐྱེན་གྱིས་ཆོས་བརྒྱུད་ནང་ཁུལ་དུ་ཕྱོགས་གཅིག་རྒྱ་ནག་གཞུང་དང་ཕྱོགས་གཞན་དེ་གདན་ས་ཝྭེ་ཊི་ཁན་ལ་བློ་གཏད་བཅོལ་ཏེ་ཕྱོགས་ཁག་གཉིས་སུ་གྱེས་ཡོད་པ་གཅིག་སྒྲིལ་བྱ་རྒྱུ་དང་རྒྱ་ནག་གཞུང་དང་གདན་ས་ཝྭེ་ཊིན་ཁན་གྱི་འབྲེལ་ལམ་ཡག་ཏུ་གཏོང་རྒྱུའི་ཆེད་དུ་ཡིན་ཞེས་གསུངས་འདུག

རྒྱ་ནག་ལ་ནང་པའི་རྗེས་འཇུག་པ་དུང་ཕྱུར་༢་དང་བྱེ་བ་༤་ཙམ་ཡོད་པ་དེར་བསྡུར་ན་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲངས་པ་ས་ཡ་༡༠་ནས་༡༢་ཙམ་ཡོད་པ་རྣམས་ཧ་ཅང་གི་མི་འབོར་ཉུང་ཉུང་ཡིན་རུང་ཐེངས་འདིའི་གྲོས་མཐུན་དེས་གདན་ས་ཝྭེ་ཊི་ཁན་གྱི་ངོས་ནས་རྒྱ་ནག་གི་ཡེ་ཤུ་ཆོས་ལུགས་ཀྱི་ཁྱབ་ཁོངས་དེ་ཉིད་ཧ་ཅང་གནད་འགག་ཆེན་པོར་རྩི་བཞིན་ཡོད་པ་མཚོན་ཐུབ། རྒྱ་ནག་གཞུང་ལ་ཐོ་འགོད་མི་བྱེད་པའི་ཡེ་ཤུའི་གྲྭ་པ་དང་ཆོས་སྡེའི་ཚོགས་མི་མང་པོ་ཞིག་རྒྱ་ནག་གཞུང་གིས་བཀག་ཉར་དང་སུན་གཙེར་བྱ་ཡུལ་དུ་གྱུར་ཡོད་ཅིང་། ཉེ་བའི་ལོ་ཤས་ནང་དུ་སྲིད་གཞུང་ལ་ཐོ་འགོད་མ་བྱས་པའི་ཡེ་ཤུའི་ལྷ་ཁང་ཁག་ལ་གཏོར་བཤིག་དང་ལྷང་ཁང་སྟེང་གི་རྒྱ་གྲམ་བཀག་པ་མང་པོ་བྱུང་ཡོད་པ་རེད།

རྒྱ་ནག་གི་ཡེ་ཤུའི་ཆོས་དད་པ་རྣམས་ལོ་བཅུ་ཕྲག་མང་པོར་སྲིད་གཞུང་གིས་བཙུགས་པའི་རྒྱལ་གཅེས་རིང་ལུགས་ཀྱི་ཡེ་ཤུའི་ཆོས་ཚོགས་ཁོངས་སུ་མ་ཞུགས་པར་རང་གི་གློ་སྙིང་བྲང་གསུམ་གདན་ས་ཝྭེ་ཊི་ཁན་དང་བླ་ཆེན་ཕོབ་མཆོག་ལ་གཏད་ནས་དམ་དྲག་དང་བཙོན་འཇུག་སོགས་ཀྱི་མནར་གཅོད་མྱངས། ཧོང་ཀོང་གི་ཆོས་རྗེ་འཇོ་སེབ་ཙེན་གྱིས་རྒྱ་ནག་གཞུང་ལ་མགོ་མ་སྒྱུར་པའི་ཡེ་ཤུའི་ཆོས་དད་པ་ཚོར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅིང་། ཁོང་གིས་རྒྱ་ནག་གཞུང་དང་གདན་ས་ཝྭེ་ཊི་ཁན་གྱི་གྲོས་མཐུན་བཞག་པ་བླ་ཆེན་མཆོག་གིས་ཕམ་ཚོང་ཆེན་པོ་ཞིག་བརྒྱབ་པ་དང་། རྒྱ་ནག་གི་ཡེ་ཤུའི་ཆོས་སྡེ་རྒྱ་ནག་དམར་ཤོག་གི་དབང་འཛིན་པ་ཚོར་རྩིས་སྤྲོད་བྱས་པ་རེད་ཅེས་སྐྱོན་བྱས་བརྗོད་འདུག
གྲོས་མཐུན་གྱི་ནང་དོན་གཙོ་བོ་ཞིག་ནི་གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཆོས་དཔོན་ཚོར་ངོས་ལེན་བྱ་རྒྱུ་དང་། ཁོ་ཚོ་སྔོན་ཆད་ཁྲིམས་འགལ་དུ་བརྩིས་ནས་ཡེ་ཤུའི་སྐྱབས་འོག་ནས་དོར་པ་

ཁྲིམས་མཐུན་དུ་བསྒྱུར་ནས་སླར་ཡང་གདན་ས་ཝྭེ་ཊི་ཁན་གྱི་སྐྱབས་འོག་ཏུ་འཇུག་རྒྱུ། གདན་ས་ཝེ་ཊི་ཁན་གྱིས་ལུགས་མཐུན་བསྐོ་བཞག་བྱས་པའི་རྒྱ་ནག་གི་མཁན་པོ་གཉིས་གནས་དབྱུང་གཏོང་རྒྱུ་དང་གདན་ས་ཝྭེ་ཊི་ཁན་གྱིས་ངོས་ལེན་ཡོད་པའི་མཁན་པོ་གཅིག་གིས་མུ་མཐུད་དུ་ལས་ཁུར་བཞེས་རྒྱུ་སོགས་འཁོད་འདུག

XS
SM
MD
LG