ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཧོང་ཀོང་རང་བཙན་ཚོགས་པ་སྒོ་བརྒྱབ།


༄༅།། ཧོང་ཀོང་ས་གནས་གཞུང་གིས་ཧོང་ཀོང་རྒྱལ་ཡོངས་ཚོགས་པ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཀ་ཞིག་དང་སྲིད་དོན་ཚོགས་པ་དེ་ཁྲིམས་འགལ་གྱི་ཚོགས་པ་ཞིག་རེད་ཅེས་ཧོང་ཀོང་རྒྱལ་ཡོངས་ཚོགས་པ་སྒོ་བརྒྱབ་པའི་ཁྱབ་བསྒྲགས་བྱས་ཡོད་པ་སྟེ། གཟའ་ཟླ་བའི་དགོང་མོར་ཧོང་ཀོང་གི་བདེ་འཇགས་དྲུང་ཆེ་ཇཱོན་ལིས་ཧོང་ཀོང་རྒྱལ་ཡོངས་ཚོགས་པས་མངའ་ཁུལ་འདི་རང་བཙན་བྱ་དགོས་ཞེས་ལས་འགུལ་སྤེལ་གྱི་ཡོད་པ་ཆབ་སྲིད་ཀྱི་ངར་སྐད་བསྒྲགས་པ་ཁོ་ན་མིན་པར་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་དམངས་ཀྱི་བདེ་འཇགས་ལ་ཉེན་ཀ་འབྱུང་གཞི་གཙོ་བོ་ཞིག་ཡིན་ཞིང་། ང་ཚོས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཁག་ལ་སྲུང་སྐྱོབ་སྲ་བརྟན་བྱས་ནས་སྐྱེ་བོ་གཞན་གྱི་ཐོབ་ཐང་དང་རང་དབང་ཁག་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཧོང་ཀོང་རྒྱལ་ཡོངས་ཚོགས་པ་ཞེས་པའི་རང་བཙན་ཤོག་ཁག་གི་སྲིད་དོན་ཚོགས་པ་དེ་དངོས་སུ་སྒོ་བརྒྱབ་པ་ཡིན་ཞེས་བསྒྲགས།།

དེར་བརྟེན་ཕྱི་ཟླ་༩་ཚེས་༢༥་ཉིན་ཧོང་ཀོང་གི་ལས་འགུལ་བ་༥༠་ཡས་མས་ཤིག་ཉེན་རྟོག་ལས་ཁུངས་ཀྱི་ཕྱི་ལོགས་སུ་འདུས་ནས་ང་ཚོར་གཏམ་བརྗོད་རང་དབང་གི་ཐོབ་ཐང་བརྒྱ་ཆ་བརྒྱ་ཐམ་པ་དགོས། མི་དམངས་ནི་རྒྱལ་ཁབ་ཀྱི་གོང་དུ་བཀུར་དགོས། འགྲོ་བ་མིའི་ཐོབ་ཐང་ནི་སྲིད་གཞུང་གི་གོང་དུ་བཀུར་དགོས། ཁྱེད་ཚོས་གཏམ་བརྗོད་རང་དབང་གི་ཐོབ་ཐང་འཕྲོག་པ་ནི་ཞབས་འདྲེན་རེད། ཧོང་ཀོང་གི་བདེ་འཇགས་དྲུང་ཆེ་ཇཱོན་ལིས་ང་ཚོ་དྲག་སྤྱོད་པ་རེད་ཟེར་ན་དྲག་སྤྱོད་པ་ཡིན་དགོས་པ་དང་། ཁོ་པས་ང་ཚོ་ཁྲིམས་འགལ་བ་རེད་ཟེར་ན་ཁྲིམས་འགལ་བ་ཡིན་དགོས་པའི་རྒྱུ་མཚན་མེད། ང་ཚོས་ཧོང་ཀོང་གི་སྲིད་སྐྱོང་ཁེ་རི་ལམ་ལ་འཐབ་རྩོད་འདི་ལས་སླ་བོར་མཚམས་འཇོག་བྱ་རྒྱུ་མིན་པའི་བརྡ་ཞིག་གཏོང་དགོས་ཞེས་སྐད་འབོད་བྱས་ནས་ཧོང་ཀོང་རང་བཙན་གྱི་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་རྩིས་མེད་པའི་རྣམ་འགྱུར་བསྟན། རྒྱ་ནག་གི་མཐོ་ལས་སྣེ་ཧན་ཀྲེང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་བདེ་འཇགས་དྲུང་ཆེ་ཇཱོན་ལིར་ཧོང་ཀོང་རང་བཙན་ཤོག་ཁག་གི་སྲིད་དོན་ཚོགས་པ་དེར་ནོན་སྡོམ་བྱ་དགོས་ཞེས་བཀའ་བཏང་སྟེ་ཧོང་ཀོང་ས་གནས་གཞུང་གིས་ཧོང་ཀོང་རྒྱལ་ཡོངས་ཚོགས་པ་སྒོ་བརྒྱབ་པ་ཞིག་ཡིན་མོད། ཡིན་ནའང་ཧོང་ཀོང་གི་བདེ་འཇགས་དྲུང་ཆེ་ཇཱོན་ལིས་གསར་འགོད་པ་ཚོར་སྲིད་དོན་ཚོགས་པ་དེ་སྒོ་རྒྱག་དགོས་པའི་ཐག་གཅོད་ང་རང་གིས་བྱས་པ་ཡིན། ང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཁག་ལ་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་ཡོད་ཅེས་བཤད། འདི་ནི་༡༩༩༧་ལོར་དབྱིན་ཇིའི་གཞུང་གིས་ཧོང་ཀོང་གི་བདག་དབང་རྒྱ་ནག་ལ་རྩིས་སྤྲོད་བྱས་ནས་བཟུང་སྟེ་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་སྲིད་དོན་ཚོགས་པ་ཞིག་རྒྱ་ནག་གཞུང་གིས་དངོས་སུ་སྒོ་བརྒྱབ་པ་ཐེངས་དང་པོ་ཡིན་འདུག

ད་ལྟ་དབྱིན་ཇིའི་གཞུང་གིས་རྒྱ་ནག་ལ་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་སྐབས་ཀྱི་གྲོས་མཐུན་ཁག་ལ་མིང་རྟགས་བཀོད་ཡོད་པར་རྩ་འཛིན་བྱ་དགོས། ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་ལ་བརྩི་འཇོག་བྱ་དགོས། དབྱིན་ཇིའི་གཞུང་གིས་ཧོང་ཀོང་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཀྱང་མངའ་ཁུལ་དེར་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་ཡོད་པ་ནི་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པས་རྒྱ་ནག་གཞུང་གིས་ཧོང་གི་རང་དབང་དང་ཐོབ་ཐང་ཁག་ལ་ངེས་པར་དུ་བརྩི་འཇོག་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ཡིན་ནའང་རྒྱ་ནག་གཞུང་གིས་ཧོང་ཀོང་རྒྱལ་ཡོངས་ཚོགས་པས་རྒྱ་ནག་གི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་བརྩི་མེད་གཏོང་གི་འདུག་ཅེས་གནས་ལུགས་བགྲངས་ནས་སྐྱེ་བོ་གང་ཞིག་ཡིན་རུང་ཧོང་ཀོང་རྒྱལ་ཡོངས་ཚོགས་པའི་ཚོགས་ཁོངས་སུ་ཞུགས་མི་ཆོག་པ་དང་སྲིད་དོན་ཚོགས་པ་དེར་འགྲོ་གྲོན་འདུ་འགོད་བྱེད་མི་ཆོག སྲིད་དོན་ཚོགས་པ་དེས་ཧོང་ཀོང་གི་སྤྱི་ཚོགས་སུ་ལས་འགུལ་གང་ཡང་སྤེལ་མི་ཆོག་ཅེས་ཐག་བཅད་ཅིང་། གལ་སྲིད་སྐྱེ་བོ་གང་ཞིག་གིས་ཧོང་ཀོང་ས་གནས་གཞུང་གིས་ཐག་བཅད་པའི་ཁྲིམས་དེར་འགལ་འཛོལ་བྱུང་ན་ཁོ་པ་ལོ་གསུམ་ཡས་མས་ཀྱི་རིང་ལ་བཙོན་འཇུག་བྱ་རྒྱུ་དང་ཧོང་ཀོང་གི་སྒོར་མོ་སྟོང་ཕྲག་མང་པོ་ཆད་པ་གཅོད་རྒྱུ་ཡིན་ཞེས་དྲྭ་ལམ་དུ་བཀོད་ཁྱབ་བཀྲམ། ༢༠༡༤་ནས་ཧོང་ཀོང་གི་ལས་འགུལ་བ་ཚོས་མངའ་ཁུལ་དེར་ཆབ་སྲིད་སྒྱུར་བཅོས་གཏོང་དགོས། ཧོང་ཀོང་གི་སྲིད་སྐྱོང་དང་གྲོས་ཚོགས་འཐུས་མི་རྣམས་ས་གནས་དེའི་མི་དམངས་ལ་ཐད་ཀར་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་འཇུག་དགོས་ཞེས་རྒྱ་ནག་གཞུང་ལ་དགོས་འདུན་བཏོན་ནས་ངོ་རྒོལ་བྱས་ཀྱང་རྒྱ་ནག་གཞུང་གིས་ཧོང་ཀོང་མི་དམངས་ཀྱི་མངོན་འདོད་ལ་སྣང་མེད་བཏང་ཞིང་། དེ་ནས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་པ་རྣམས་གྲོས་ཚོགས་འཐུས་མིའི་འོས་མིར་ལངས་ནས་ས་གནས་ཁག་ཅིག་གི་མི་དམངས་ཀྱི་འོས་ཤོག་ཐོབ། རྒྱ་ནག་གཞུང་གིས་ཧོང་ཀོང་རང་བཙན་ཤོག་ཁག་གི་འཐུས་མི་རྣམས་གྲོས་ཚོགས་འཐུས་མིའི་ཁོངས་ནས་ཕྱིར་ཕུད་བཏང་བས་ཧོང་ཀོང་རང་བཙན་གྱི་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་སོང་ཡོད་པ་རེད།།

ཨ་མི་རི་ཀ་དང་དབྱིན་ཇི། ཡུ་རོབ་མཉམ་འབྲེལ་སོགས་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་དེར་བརྩི་འཇོག་བྱ་དགོས་ཞེས་ནན་བརྗོད་བྱས་ཀྱང་རྒྱ་ནག་གཞུང་གིས་ཨ་མི་རི་ཀ་དང་དབྱིན་ཇི། ཡུ་རོབ་མཉམ་འབྲེལ་སོགས་ཀྱིས་འདུ་འཛོམས་རང་དབང་དང་གཏམ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ཁ་ལ་འཁྱེར་ནས་རྒྱ་ནག་ཁ་བྲལ་དང་ཧོང་ཀོང་རང་བཙན་གྱི་ལས་འགུལ་ཁག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། རྒྱ་ནག་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་དེར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་བྱ་དགོས། ཁོ་ཚོས་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་བྱས་ཡོད་པར་སྲུང་བརྩི་བྱ་རྒྱུའི་རེ་བ་ཡོད། རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་སྲིད་དོན་ཚོགས་པ་ཞིག་སྒོ་རྒྱག་དགོས་པའི་ཐག་གཅོད་བྱས་པར་ཨ་མི་རི་ཀ་དང་དབྱིན་ཇི། ཡུ་རོབ་མཉམ་འབྲེལ་བཅས་ཀྱིས་རྒྱབ་སྐྱོར་བྱ་དགོས་ཞེས་ནན་བརྗོད་བྱས་པ་དང་། ཧོང་ཀོང་དུ་བཅའ་སྡོད་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཁང་གིས་ཧོང་ཀོང་རྒྱལ་ཡོངས་ཚོགས་པའི་ལྟ་གྲུབ་ནི་ཨ་མི་རི་ཀ་དང་ཧོང་ཀོང་མི་དམངས་ཀྱིས་གོང་བཀུར་བྱེད་ཀྱི་ཡོད་པའི་ཐུན་མོང་གི་ལྟ་གྲུབ་ཅིག་ཡིན་པས་རྒྱ་ནག་གཞུང་གིས་ངེས་པར་དུ་ཧོང་ཀོང་རྒྱལ་ཡོངས་ཚོགས་པའི་ལྟ་གྲུབ་ཁག་ལ་སྲུང་སྐྱོབ་དང་གོང་བཀུར་བྱ་དགོས་ཞེས་ཁྱབ་བསྒྲགས་བྱས་འདུག

XS
SM
MD
LG