ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

འཇིགས་སྐུལ་པའི་སྙན་ཐོ་དང་ཞིན་ཅང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གཟའ་ལྷག་པའི་ཉིན་སྤྱི་ལོ་༢༠༡༧་ལོའི་འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོལ་བྱས་པའི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཏེ་འདས་པའི་སྤྱི་ལོ་༢༠༡༦་དང་༢༠༡༧་གཉིས་གཤིབ་བསྡུར་གྱིས་༢༠༡༧་ལོར་འཇིགས་སྐུལ་དྲག་སྤྱོད་ཀྱི་དོན་རྐྱེན་བྱུང་བའི་གྲངས་ཀ་བརྒྱ་ཆ་ཉེར་གསུམ་ཉུང་དུ་ཕྱིན་ཡོད་ཅིང་། འཇིགས་སྐུལ་དྲག་སྤྱོད་ལ་བརྟེན་ནས་འཆི་སྐྱོན་འབྱུང་གི་ཡོད་པའང་བརྒྱ་ཆ་ཉེར་བདུན་ཉུང་དུ་ཕྱིན་ཡོད་པ་བཀོད་འདུག ད་ལྟ་ཁ་ཆེའི་རྒྱལ་ཁམས་ཞེས་པའི་འཇིགས་སྐུལ་ཚོགས་པས་དབང་སྒྱུར་བྱེད་བཞིན་པའི་ས་ཆ་བརྒྱ་ཆ་དགུ་བཅུ་གོ་དགུ་ལ་བཅིངས་འགྲོལ་ཐོབ་ཀྱང་རྒྱལ་སྤྱིའི་འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོལ་བྱ་རྒྱུ་སྔར་བཞིན་རྙོག་འཛིང་དང་ཛ་དྲག་རེད། ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་ཚོིགས་པས་ཨི་རཀ་དང་སི་རི་ཡའི་ས་ཁྱོན་རྒྱ་ཆེན་ཞིག་ལ་དབང་བསྒྱུར་བྱས་པ་ཕལ་ཆེ་བ་མཇུག་རྫོགས། ཡིན་ནའང་ད་དུང་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་འདིས་མུ་མཐུད་དུ་དྲག་སྤྱོད་ཀྱི་ལས་འགུལ་རྣམས་ཁ་བཀྲམ་གྱི་རྣམ་པའི་ཐོག་ཏུ་སྤེལ་བཞིན་ཡོད་པར་སྔོན་ལྟར་དོགས་ཟོན་བྱ་དགོས་པ་ཞེས་འཁོད་ཡོད་པར་མ་ཟད། རྒྱལ་ཁབ་བྱེ་བྲག་པར་མཚོན་ན་ཨི་རན་ནི་སྔར་བཞིན་འཇིགས་སྐུལ་དྲག་སྤྱོད་པར་རྒྱབ་སྐྱོར་རོགས་རམ་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན། ཁོ་ཚོས་མུ་མཐུད་དུ་ཨི་སི་རལ་ལ་འཇབ་རྒོལ་བྱེད་མཁན་ཚོར་མཐུན་འགྱུར་རོགས་རམ་བྱེད་ཀྱིན་འདུག་ཅེས་བཀོད། གཞན་ཡང་སྙན་ཐོ་དེར་རྒྱ་ནག་གི་སྤྱི་དམངས་ཁག་ཅིག་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་པའི་ཚོགས་པར་ཞུགས་ཀྱང་རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་ལ་འགོག་རྒོལ་བྱེད་པར་ཁ་གཏད་གཅོག་ས་གཙོ་བོ་ནི་ཤར་ཏུར་ཀི་སི་ཐན་གྱི་ལས་འགུལ་བ་རྣམས་ཡིན་ཞིང་། རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་པ་དང་ཁ་བྲལ་རིང་ལུགས་པ། མཐའ་ལྷུང་རིང་ལུགས་པ་སོགས་ལ་ཁ་གཡར་ནས་ཡུ་གུར་མི་རིགས་གཙོས་ཞིན་ཅང་གི་མི་མང་འབུམ་ཕྲག་མང་པོ་བཀག་ཉར། ཁོ་ཚོའི་སྟེང་དུ་འཕྲུལ་རྩལ་གྱི་ལག་ཆ་མང་པོ་བཀོལ་ནས་བརྙན་མིག་གིས་ལྟ་རྟོག་བྱེད་པ་དང་མིའི་རྒྱུད་རྒྱུ་ཉར་ཚགས་བྱས་ནས་སྟངས་འཛིན། ཡུ་གུར་བའི་ཆོས་ལུགས་དད་མོས་ལ་ཚོད་འཛིན་བྱེད་ཀྱི་ཡོད་པས་རྒྱ་ནག་གི་འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོག་བྱེད་སྟངས་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པས་རང་བཞིན་གྱིས་བློ་འཚབ་སྐྱེ་དགོས་པ་རེད་ཅེས་ཕྱིའི་རྒྱལ་ཁབ་ཁག་གིས་གླེང་སློང་བྱེད་ཀྱི་ཡོད་ཅིང་། ན་ནིང་སྤྱི་ཟླ་༣་པའི་ནང་དུ་རྒྱ་གཞུང་གིས་ཆོས་ལུགས་ཀྱི་མཐའ་ལྷུང་རིང་ལུགས་པར་འགོག་རྒོལ་བྱ་དགོས་པའི་ཁྲིམས་ཤིག་གཏན་ལ་ཕབ། རྒྱ་ནག་གཞུང་གིས་ཁྲིམས་དེ་གཞི་བཟུང་ལྟར་མཐའ་ལྷུང་རིང་ལུགས་ལ་ཁ་གཡར་ནས་ཡུ་གུར་བ་དང་དེ་མིན་གྱི་ཞིན་ཅིང་ཡུལ་མི་ཚོར་མཐའ་ལྷུང་རིང་ལུགས་ཀྱི་བསམ་བློ་མཚོན་པའི་རྩོམ་ཡིག་དང་སྒྲ་ཐག བརྙན་གཟུགས་དང་དྲྭ་རྒྱའི་བརྒྱུད་ལམ་དུ་འགྲེམ་མི་ཆོག་པ། ཡུ་གུར་བ་སྐྱེས་པ་ཚོས་ཁ་སྤུ་རིང་པོ་འཇོག་མི་ཆོག་པ་དང་མི་སྒེར་གྱི་རྒྱུན་ལྡན་སྤྱོད་པ་ཁག་ཅིག་ཀྱང་ཁྲིམས་འགལ་དུ་རྩི། ཞིན་ཅང་གི་རླངས་འཁོར་ཁག་ཅིག་གི་སྟེང་དུ་འཁོར་སྐར་གྱིས་རྗེས་འདེད་གཏོང་ཐུབ་པའི་སྒྲིག་ཆས་བཙུགས། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་འཇིགས་སྐུལ་དྲག་སྤྱོད་པ་ཚོས་ཞིན་ཅང་གི་ཡུ་གུར་བ་ཚོར་རྒྱབ་སྐྱོར་བྱེད་བཞིན་པའི་དོགས་པ་བྱེད་ཀྱི་ཡོད་པ་སྟེ། ན་ནིང་སྤྱི་ཟླ་༧་པར་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཏུ་ཡོད་པའི་རྒྱ་ནག་གི་སློབ་ཕྲུག་རྣམས་མྱུར་དུ་ཕྱིར་ལོག་བྱ་དགོས་པའི་བཀའ་ཁྱབ་བཏང་སྟེ། ཨི་ཇིབ་གཞུང་གིས་རྒྱ་ནག་གི་སྤྱི་དམངས་ཞིན་ཅང་གི་ཡུ་གུར་བའི་སློབ་ཕྲུག་༣༤་འཛིན་བཟུང་གིས་རྒྱ་ནག་ཕྱིར་སློག་བྱས་འདུག སློབ་ཕྲུག་དེ་དག་རང་ཡུལ་ལ་ཕྱིར་ལོག་བྱས་པའི་རྗེས་སུ་རྒྱ་གཞུང་གིས་སློབ་གསོ་བསྐྱར་མ་སྤེལ་སའི་བཀག་ཉར་ཁང་དུ་བཅུག་འདུག་ཅེས་སྙན་ཐོ་དེར་བཀོད་ཡོད་པ་རེད། ད་སྔ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་སློབ་གསོ་བསྐྱར་མ་སྤེལ་ས་ཡིན་ཞིང་མིང་སྙན་པོ་ཞིག་བཏགས་ཡོད་པའི་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་ཡོད་ཅིང་། དེ་རིང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན་ཉེ་ཆར་ཉུང་མཐར་ཡང་ཞིན་ཅང་གི་སློབ་ཆེན་དགེ་རྒན་ཆེན་མོ་ལྔ་བཀག་ཉར་ཁང་དུ་བཅུག ཁོ་ཚོའི་གྲས་ཀྱི་ལོ་ན་ཆེ་ཤོས་ནི་ལོ་༨༠་ལ་སོན་ཡོད་པའི་གནས་ཚུལ་འཁོད་འདུག

XS
SM
MD
LG