ངོ་འཕྲད་བདེ་བའི་དྲ་འབྲེལ།

མི་ཀུན་ལ་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་དགོས།


རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་མཐོ་རིམ་གཞུང་འབྲེལ་མི་སྣའི་དཔལ་འབྱོར་གླེང་སྟེགས་ཚོགས་འདུ་ཞིག་ཚོགས་ཏེ། རྒྱ་ནག་ལ་དཔལ་འབྱོར་བཅོས་སྒྱུར་བཏང་བའི་རྗེས་སུ་བཅོས་སྒྱུར་རིམ་པ་གཉིས་པ་ཞིག་གཏོང་དགོས། འདི་ནི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་སྐྱོང་ལམ་ལུགས་དྲང་པོ་ཞིག་དགོས་པ་དེ་ཡིན་ཞེས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཟུར་པ་ཞིག་གིས་བརྗོད་འདུག

གཟའ་ཉི་མའི་ཉིན་རྒྱ་ནག་ལ་དཔལ་འབྱོར་སྲིད་ཇུས་དང་ཁྲོམ་ར་བཅོས་སྒྱུར་བཏང་སྟེ་ལོ་བཞི་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཤིང་། རྒྱ་ནག་གི་དཔལ་འབྱོར་རིག་པའི་མཁས་པ་རྣམས་ལྷན་འཛོམས་ཀྱི་བགྲོ་གླེང་ཚོགས་འདུ་དེར་རྒྱ་ནག་གི་དབུས་དངུལ་རྩིས་དང་དཔལ་འབྱོར་ལས་དོན་ཁང་གི་འགན་འཛིན་གཞོན་པ་ཟུར་པ་དབྱང་ཝེ་མིན་མཉམ་ཞུགས་བྱས་ཏེ། ཁོང་གིས་ང་ཚོས་ཁྲིམས་དང་སྒྲིག་གཞི་རྩ་བར་བཟུང་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་མི་དམངས་ཀྱི་དམངས་གཙོའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ་པའི་སྒྲིག་འཛུགས་ཤིག་རྩ་འཛུགས་བྱ་ཕྱོགས་སུ་ཡར་རྒྱས་གཏོང་དགོས། དེ་བཞིན་དྲང་བདེན་གྱི་ཁྲིམས་སྐྱོང་ལམ་ལུགས་ལ་སྲུང་སྐྱོབ་བྱ་དགོས། མི་དམངས་ཀྱི་འཚོ་བ་ཡག་པོ་ཞིག་རོལ་ཐུབ་རྒྱུ་ནི་དཔལ་འབྱོར་གྱི་གནད་དོན་ཁོ་ན་མ་ཡིན་པར་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་གྱི་ཁྲིམས་སྐྱོང་ལམ་ལུགས་རྣམས་དེ་བས་ཀྱང་གལ་འགངས་ཆེན་པོ་ཡིན་ཞེས་བརྗོད་འདུག

གཟའ་མཇུག་དེར་པེ་ཅིང་གི་ཏེའོ་ཡུའི་ཐེ་མགྲོན་ཁང་ཆེན་མོར་ཚོགས་པའི་དཔལ་འབྱོར་གླེང་སྟེགས་ཚོགས་ཆེན་ལ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་དཔལ་འབྱོར་སློབ་སྟོན་པ་གཙོ་བོ་དང་སྲིད་བློན་གཞོན་པ་ལུ་ཧེ་གཉིས་འཁྱུག་ཙམ་རིང་དུ་མཉམ་ཞུགས་བྱས་ཀྱང་གཏམ་བཤད་བྱས་མེད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG