ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀིམ་ཇུང་ཨུན་ལྷོ་ཀོ་རི་ཡར་ཕེབས་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༩་ཚེས་༡༩་ཉིན་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་ཐུག་འཕྲད་གྲོས་མོལ་བྱུང་བའི་རྗེས་སུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ཡུན་རིང་མི་འགོར་པར་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་རྒྱུའི་གྲོས་མཐུན་བྱུང་བ་དང་། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱ་ཡུལ་རྣམས་ཕྱི་རྒྱལ་གྱི་རྟོག་ཞིབ་པའི་མདུན་དུ་གཏོར་བཤིག་གཏོང་ཆོག གལ་སྲིད་ཨ་མི་རི་ཀས་གོམ་པ་མདུན་སྤོ་བྱས་ན་བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཕྱོགས་སུ་དེ་བས་ཀྱང་གོམ་པ་མདུན་སྤོ་བྱ་རྩིས་ཡོད་ཅེས་ཁས་ལེན་བྱས་འདུག

ཀིམ་ཇུང་ཨུན་དང་ལྷན་དུ་བསྐངས་པའི་གསར་འགོད་ལྷན་ཚོགས་ཐོག་ཏུ་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་ལོ་འདི་མ་རྫོགས་གོང་དུ་ཀིམ་ཇུང་ཨུན་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྲོང་ཁྱེར་དུ་འཚམས་འདྲིར་ཕེབས་རྒྱུའི་རེ་བ་ཡོད་ཅེས་བཤད། ཀིམ་ཇུང་ཨུན་གྱིས་ང་དང་སྲིད་འཛིན་མུན་ཅེ་དབྱིན་གཉིས་ཀས་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པ་དང་རྡུལ་ཕྲན་མཚོན་ཆའི་ཉེན་ཀ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་པའི་འབད་བརྩོན་བྱ་རྒྱུའི་དམ་བཅའ་བཞག་ཡོད་ཅེས་གཏམ་བཤད་བྱས་པར་མ་ཟད། བྱང་ཀོ་རི་ཡའི་ནུབ་བྱང་མཚམས་སུ་ཡོད་པའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱ་ཡུལ་གཏན་དུ་མེད་པར་གཏོང་རྒྱུ་དང་རྒྱལ་སྤྱིའི་རྟོག་ཞིབ་པ་རྣམས་དེ་ལ་རྟོག་ཞིབ་བྱེད་དུ་ཡོང་ཆོག་ཅེས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། ཏུང་ཆ་རི་ཞེས་པའི་ས་གནས་དེ་ནི་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་རྣམས་ཚོད་ལྟ་བྱ་ཡུལ་གཙོ་བོ་ཞིག་ཡིན་ཞིང་། གལ་སྲིད་ཨ་མི་རི་ཀས་བྱང་ཀོ་རི་ཡར་བཟང་ལན་གཅིག་མཚུངས་ཤིག་སློག་ཚེ། བྱང་ཀོ་རི་ཡའི་ཡོང་བྷི་འོང་རྡུལ་ཕྲན་ལས་གྲ་ཡང་གཏན་དུ་མེད་པར་གཏོང་ཆོག་ཅེས་ཁས་ལེན་བྱས་ཡོད་པ་དང་། ཡོང་བྷི་འོང་རྡུལ་ཕྲན་ལས་གྲ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་ས་ལྟེ་བ་དེ་ཡིན། ད་དུང་ཀོ་རི་ཡའི་དམག་འཁྲུག་དངོས་སུ་མཇུག་བསྒྲིལ་པའི་གྲོས་མཐུན་ཞིག་འཇོག་རྒྱུ་དེར་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་རྒྱབ་སྐྱོར་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག

ཀིམ་ཇུང་ཨུན་གྱིས་ཨ་མི་རི་ཀས་བྱང་ཀོ་རི་ཡར་བཟང་ལན་ཅི་ཞིག་སློག་དགོས་མིན་གསལ་བོར་བཤད་མེད་ཀྱང་བྱང་ཀོ་རི་ཡའི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་དང་མཐོ་རིམ་འགོ་ཁྲིད་ཚོས་རྟག་ཏུ་སྐད་ཆ་གཅིག་མཚུངས་ཤིག་བཤད་ཀྱི་ཡོད་པ་སྟེ། ཨ་མི་རི་ཀས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱ་དགོས་པ་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་གཉིས་ལག་ལེན་མཉམ་དུ་བསྟར་དགོས། ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀས་བྱང་ཀོ་རི་ཡར་དཔལ་འབྱོར་རོགས་རམ་སྤྲོད་དགོས། ཨ་མི་རི་ཀས་བྱང་ཀོ་རི་ཡའི་བདེ་འཇགས་ལ་འགན་ལེན་བྱས་ནས་ཕྱི་འབྲེལ་འཛུགས་དགོས། ཨ་མི་རི་ཀས་བྱང་ཀོ་རི་ཡ་དམར་ཤོག་རྒྱལ་ཁབ་རང་བཙན་དང་བདག་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པར་ཁས་ལེན་བྱ་དགོས་ཞེས་ཆ་རྐྱེན་འདོན་གྱི་ཡོད་མོད། འོན་ཀྱང་ཨ་མི་རི་ཀས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་སྔོན་ལ་མེད་པར་གཏོང་དགོས། དེ་ནས་ཨ་མི་རི་ཀས་བྱང་ཀོ་རི་ཡར་དཔལ་འབྱོར་རོགས་རམ་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ཕྱིར་འཐེན། ཝ་ཤིང་ཊོན་དང་ཕིན་དབྱང་གཉིས་ཀྱིས་ཕྱི་འབྲེལ་འཛུགས་ཆོག་ཅེས་ལངས་ཕྱོགས་གསལ་སྟོན་བྱེད་ཀྱི་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་པའི་གསར་འགོད་གསལ་བསྒྲགས་སྤེལ་པ་དང་གྲོས་མཐུན་ལ་མིང་རྟགས་བཀོད་པ་རྣམས་དགའ་འོས་པའི་གནས་ཚུལ་ཞིག་རེད། ༢༠༣༢་ལོའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་མཉམ་དུ་མགྲོན་བདག་བྱ་རྒྱུའི་སྙན་ཞུ་འབུལ་འཆར་ཡོད་པར་དགའ་ཚོར་བྱུང་ཞེས་ཊོས་ཊའི་དྲྭ་ལམ་དུ་གསར་འགྱུར་སྤེལ་རུང་ཨ་མི་རི་ཀས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་ནམ་ཕྱིར་འཐེན་བྱ་འཆར་ཡོད་མེད། ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གཉིས་སླར་ཡང་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་མེད་སོགས་ལ་ཅི་ཡང་བཤད་མེད་པས། ཨ་མི་རི་ཀས་བྱང་ཀོ་རི་ཡར་བཟང་ལན་སློག་དགོས་ཟེར་པ་དེར་སྲིད་འཛིན་ཌོ་ནལ་ཊམ་གྱིས་བརྡ་ལན་ཅི་ཞིག་སློག་རྒྱུ་ཡིན་མིན་ངེས་གཏན་མེད་ཅིང་། ཉམས་ཞིབ་པ་ཚོས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་བའི་གོམ་སྟབས་དང་པོ་ནི་༡༩༥༠་ཐམ་པ་ནས་༥༣་བར་དུ་ལངས་པའི་ཀོ་རི་ཡའི་དམག་འཁྲུག་དངོས་སུ་མཇུག་བསྒྲིལ་པའི་གྲོས་མཐུན་ཞིག་འཇོག་དགོས། ཀོ་རི་ཡའི་དམག་འཁྲུག་མཇུག་བསྒྲིལ་པའི་གྲོས་མཐུན་ཞིག་བྱུང་ན་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་སྔར་བཞིན་ཨ་མི་རི་ཀའི་དམག་དཔུང་

འགྲེམ་འཇོག་བྱ་དགོས་དོན་མེད་པར་འགྱུར་རྒྱུ་ཡིན་པས་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀ ཉི་ཧོང་བཅས་ཀྱིས་དེ་ལ་མོས་མཐུན་བྱ་རྒྱུ་ཡིན་མིན་ཐེ་ཚོམ་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་དང་། བདུན་ཕྲག་རྗེས་མར་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ལ་ཕེབས་ཏེ། ཁོང་གིས་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཞོར་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་བཀའ་མོལ་ཞིབ་ཕྲ་གནང་རྒྱུའི་འཆར་གཞི་ཡོད་པ་དང་། ཀིམ་ཇུང་ཨུན་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་ལས་དུས་དང་པོ་མཇུག་མ་བསྒྲིལ་གོང་དུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ཐག་གཅོད་བྱ་འདོད་ཡོད་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG