ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཝྭེ་ཊི་ཁན་དང་རྒྱ་ནག་གི་གྲོས་མཐུན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅། ། རྒྱ་ནག་གཞུང་དང་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གཉིས་རྒྱ་ནག་གི་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་བྱ་ཕྱོགས་སུ་ལོ་མང་རིང་གྲོས་མཐུན་བྱུང་མ་བར་གནད་དོན་དེར་ཐག་གཅོད་བྱེད་ཐུབ་མེད་ཀྱང་ཟླ་བ་འདིའི་ཟླ་མཇུག་ཏུ་རྒྱ་ནག་དང་གདན་ས་ཝྭེ་ཊི་ཁན་གྱིས་གྲོས་མཐུན་ཞིག་འཇོག་རྒྱུའི་ཐག་གཅོད་བྱུང་འདུག
གྲོས་མཐུན་འཇོག་འཆར་ཡོད་པ་དེའི་གྲོས་གཞི་དེར་རྒྱ་ནག་གཞུང་གིས་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་རྒྱ་ནག་གི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་བ་རྣམས་ཀྱི་དབུ་ཁྲིད་ཡིན་པར་ཁས་ལེན་བྱ་རྒྱུ་དང་། གདན་ས་ཝྭེ་ཊི་ཁན་གྱིས་དང་བླ་ཆེན་མཆོག་གིས་དེ་སྔོན་ཡེ་ཤུའི་གདན་སའི་སྐྱབས་འོག་ནས་དོར་པ་བསྐྱར་དུ་སྐྱབས་འོག་ཏུ་འཇུག་རྒྱུ་དང་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་བདུན་ལ་ངོས་ལེན་གནང་རྒྱུའི་གྲོས་མཐུན་བྱུང་ཡོད་པར་བརྟེན། ཧོང་ཀོང་གི་བགྲོས་ཡོལ་ཆོས་དཔོན་ཆེན་མོ་འཇ་སེབ་ཙེང་སོགས་ཀྱིས་ཡེ་ཤུའི་གདན་ས་ཆེན་མོ་ཝྭེ་ཊི་ཁན་དང་རྒྱ་ནག་གཞུང་གིས་འཇོག་འཆར་ཡོད་པའི་གྲོས་མཐུན་དེར་བརྗོད་དྲག་པོ་བྱེད་ཀྱི་ཡོད་པ་དང་། ཁོ་ཚོས་བློ་ཆེན་པོ་མཆོག་རྒྱ་ནག་དམར་ཤོག་ཤོག་ལ་རྒྱུས་མངའ་མེད་པའི་རྟགས་ཡིན་པས་གདན་ས་ཝྭེ་ཊི་ཁན་གྱིས་གྲོས་མཐུན་འཇོག་རྒྱུ་ཕྱིར་འཐེན་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག

འདི་ལོའི་མགོ་སྟོད་ནས་གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་གཞུང་ལ་ཆོས་ཕྱོགས་ཀྱི་འགོ་ཁྲིད་བསྐོ་བཞག་བྱ་རྒྱུའི་དབང་ཚད་སྤྲོད་ཆོག་པའི་རྣམ་འགྱུར་བསྟན་ཡོད་པར་མ་ཟད། གྲོས་མཐུན་དེར་རྒྱུས་མངའ་ཡོད་པའི་ནང་ཚགས་ཤིག་གིས་ལོ་འདིའི་ཕྱི་ཟླ་༦་པར་རོམ་གྲོང་ཁྱེར་དུ་ཕྱོགས་གཉིས་གྲོས་མོལ་མཐའ་མ་བྱས་པའི་སྐབས་སུ་ཡེ་ཤུའི་བླ་ཆེན་ཕོབ་མཆོག་གིས་དེ་སྔོན་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཆོས་དཔོན་བདུན་ཡེ་ཤུའི་གདན་ས་ཆེན་མོའི་སྐྱབས་འོག་ནས་དོར་པའི་བཀའ་ཁྱབ་ཕྱིར་འཐེན་གནང་རྒྱུ་དང་། ཆོས་དཔོན་དེ་ཚོར་གདན་ས་ཝྭེ་ཊི་ཁན་གྱིས་ངོས་ལེན་གནང་རྒྱུའི་ཞལ་བཞེས་ཐོབ། བདུན་ཕྲག་གཅིག་གི་རྗེས་སུ་གྲོས་མཐུན་དེར་མིང་རྟགས་འགོད་རྒྱུ་ཡིན་འདུག

ད་དུང་གྲོས་མཐུན་གྱི་ཟིན་བྲིས་དེར་སྔོན་ཆད་ཡེ་ཤུའི་གདན་ས་ཆེན་མོས་ངོས་ལེན་བྱས་པའི་རྒྱ་ནག་གི་ཧྲན་ཐུག་དང་མིན་ཏུན་གཉིས་སུ་མཁན་པོ་གཉིས་ཡོད་པ་རྒྱ་ནག་གཞུང་གིས་ལས་གནས་ནས་ཕྱིར་ཕུད་བཏང་བར་གདན་ས་ཝྭེ་ཊི་ཁན་གྱིས་མོས་མཐུན་བྱ་རྒྱུ་ཡིན་པས་རྒྱ་ནག་གཞུང་ལ་ཁ་གཏད་བཅགས་ནས་གློ་སྙིང་བྲང་གསུམ་གདན་ས་ཝྭེ་ཊི་ཁན་ལ་གཏད་པའི་ལས་སྣེ་གཉིས་རང་རང་གི་ལས་གནས་ནས་བཤོལ་དགོས་ཐུག་རྒྱུ་ཡིན་ཞིང་། རྒྱ་ནག་དང་ཨུ་རུ་སུའི་ས་མཚམས་སུ་ཆགས་པའི་རྒྱ་ནག་ཧི་ལུང་ཅང་ཞིང་ཆེན་གྱི་ཆི་ཆི་ཧར་གྲོང་ཁྱེར་དུ་བླ་ཆེན་མཆོག་གིས་ཐད་ཀར་བསྐོ་བཞག་དང་གདན་ས་ཝྭེ་ཊི་ཁན་གྱི་ལམ་སྟོན་འོག་ཏུ་ཤར་སྐྱོད་བྱེད་མཁན་ཝེ་ཅིང་དབྱི་ལ་རྒྱ་ནག་གཞུང་གིས་ངོས་ལེན་བྱ་རྒྱུ་རེད་འདུག གྲོས་མཐུན་ལ་མིང་རྟགས་བཀོད་ནས་ལོ་རེ་ཟུང་གི་རིང་ལ་ཕྱོགས་གཉིས་གང་རུང་ཞིག་གིས་གྲོས་མཐུན་དེར་བསྐྱར་བཅོས་བྱ་དགོས་པ་མཐོང་ཚེ་བསྐྱར་བཅོས་བྱེད་ཆོག ཡེ་ཤུའི་གདན་ས་དང་རྒྱ་ནག་གཞུང་གཉིས་ཀས་མོས་མཐུན་དེར་མིང་རྟགས་བཀོད་པའི་རྗེས་སུ་གྲོས་མཐུན་གྱི་ནང་དོན་ཞིབ་ཕྲ་རྣམས་ཕྱིར་བསྒྲགས་བྱ་འཆར་མེད་ཅེས་འབྲེལ་ཡོད་མི་སྣ་ཞིག་གིས་གསར་ལམ་ཁག་ལ་བརྗོད་འདུག

XS
SM
MD
LG