ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་རྒྱ་ནག་གི་ཚོང་དམག་ནི་ལྷོ་ཤར་ཨེ་ཤི་ཡའི་གོ་སྐབས་སུ་གྱུར།


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་པ་དང་རྒྱ་ནག་གིས་ཨ་མི་རི་ཀར་ལན་པ་སློག་ནས་ཚོང་དམག་ཅིག་ལངས། དེར་བརྟེན་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་དང་པོ་དང་གཉིས་པ་གཉིས་ཀྱི་ཚོང་ལས་དང་དཔལ་འབྱོར་འབྲེལ་བར་འགལ་ཟླ་བྱུང་ན་ཕྱོགས་ཡོངས་ལ་གནོད་སྐྱོན་འབྱུང་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་ཅིང་། ཐོག་མར་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་སྲིད་ཇུས་ལག་ལེན་བསྟར་པའི་སྐབས་སུ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ཁེ་གྱོང་ལ་བསམ་ཞིབ་གཟབ་ནན་ནམ། ཡང་ན་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་ཚོང་ལས་ཀྱི་ཁེ་གྱོང་སྲིད་འཛིན་ཌོ་ནལ་ཊམ་གྱི་ཚོང་དམག་སྲིད་ཇུས་ཀྱི་ཁོངས་སུ་འདུས་མེད། ད་ལྟ་ཨ་རི་དང་རྒྱ་ནག་གཉིས་ལ་ཚོང་དམག་ཅིག་ལངས་ཡོད་པ་དེས་འཛམ་གླིང་གི་དངོས་ཟོག་བཟོ་སྐྲུན་བྱ་ཡུལ་གཙོ་བོ་ཞིག་རྒྱ་ནག་ཡིན་པ་དེར་འགྱུར་བ་ཐེབས་རྒྱུའི་རྣམ་པ་ཞིག་ཐོན་འདུག

དཔེར་ན་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གི་ཛ་དྲག་ཞི་འཇམ་དུ་གཏོང་ཐུབ་ཀྱི་མེད་པའི་སྟབས་ཀྱིས་ལྷོ་ཤར་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གསུམ་སྟེ། ཨིན་རྡུ་ནེ་ཤི་ཡ་དང་ཧྥི་ལིན་ཕིན། ཝི་ཏེ་ནམ་གསུམ་ལ་མི་འབོར་བྱེ་བ་༩་ལྷག་ཡོད་པ་དེ་དག་གི་བཟོ་བ་ཚོར་ལས་ཀའི་གོ་སྐབས་དང་རྒྱལ་ཁབ་དེ་དག་གི་ཁྲོམ་རའི་ནང་དུ་ཕྱི་རྒྱལ་གྱི་བཟོ་ཚོང་ཁང་གིས་མ་རྩ་བཙུགས་ནས་གོ་སྐབས་ཆེན་པོ་ཞིག་འཐོབ་སྲིད། ཉེ་ཆར་ལྷོ་ཀོ་རི་ཡའི་སམ་སང་གློག་ཆས་བཟོ་ཚོང་ཁང་གིས་ཝི་ཏེ་ནམ་ལ་ཨ་སྒོར་དུང་ཕྱུར་༡༡༧ཡི་མ་རྩ་བཙུགས་ནས་བཟོ་ཚོང་ལས་ཁང་དེའི་གློག་ཆས་བཟོ་གྲྭ་མང་པོ་ཞིག་རྒྱ་ནག་ནས་ཝི་ཏེ་ནམ་ལ་སྤོར་རྒྱུ། ཝི་ཏེ་ནམ་གྱི་རྒྱལ་ས་ཧ་ནོ་ཡེ་གྲོང་ཁྱེར་གྱི་ཕྱི་ལོགས་སུ་སམ་སང་བཟོ་ཚོང་ལས་ཁང་ལ་བཟོ་གྲྭ་གཉིས་ཡོད་པ་དེ་དག་གི་ནང་དུ་བཟོ་བ་འབུམ་༡་དང་ཁྲི་ཚོ་༥་མ་ཟིན་ཙམ་ལ་ལས་ཀ་སྤྲད་ཡོད་ཅིང་། བཟོ་གྲྭ་དེ་དག་གི་ཉེ་འཁོར་ཐམས་ཅད་རང་བཞིན་གྱིས་ཚོང་ཁང་དང་མི་མང་གནས་སྡོད་བྱ་ཡུལ་དུ་གྱུར་ནས་འཁྲུག་ཆ་དོད་པའི་གྲོང་རྡལ་ཆེན་པོ་གཉིས་ལ་གྱུར་ཡོད་པ་རེད།

༢༠༡༧་གཅིག་པུར་ཝི་ཏེ་ནམ་ལ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་ཨ་སྒོར་དུང་ཕྱུར་༣༦༠་མ་ཟིན་ཙམ་ཞིག་གི་མ་རྩ་བཙུགས་ཡོད་པར་མ་ཟད། ཨིན་རྡུ་ནེ་ཤི་ཡ་ལའང་སྔ་ལོ་གཅིག་པུར་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་ཨ་སྒོར་དུང་ཕྱུར་༣༢༠་ལྷག་གི་མ་རྩ་བཙུགས་མོད། འོན་ཀྱང་ཧྥི་ལི་ཕིན་གྱི་རྨང་གཞིའི་འཛུགས་སྐྲུན་དང་སྐྱེལ་འདྲེན། འགྲིམ་འགྲུལ་གྱི་མཐུན་རྐྱེན་བཟང་པོ་མེད་པའི་རྐྱེན་གྱིས་ཧྥི་ལི་ཕིན་ལ་ཝི་ཏེ་ནམ་དང་ཨིན་རྡུ་ནེ་ཤི་ཡ་ལྟར་ཕྱི་རྒྱལ་གྱི་མ་རྩ་འཛུགས་འཇོག་དེ་ཙམ་བྱེད་ཐུབ་ཀྱི་མེད་པ་རེད། གོང་འཁོད་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་དེ་དག་ལ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་མ་རྩ་འཛུགས་ཀྱི་ཡོད་པ་དེར་དམིགས་བསལ་གྱི་ཁྱད་ཆོས་དང་ཆ་རྒྱུ་རྐྱེན་བཞི་འདུས་འདུག

ཆ་རྐྱེན་དང་པོ་ནི་ཝི་ཏེ་ནམ་དང་ཨིན་རྡུ་ནེ་ཤི་ཡ། ཧྥི་ལིན་ཕིན་གསུམ་གྱི་སྤྱི་ཚོགས་སུ་དེང་རབས་ཀྱི་བཟོ་ལས་དང་ཚོང་ལས་ལ་མཁོ་བའི་ན་གཞོན་ཤེས་ཡོན་ཅན་དང་བཟོ་བཀོད་པ། ལག་རྩལ་པ་དང་འཕྲུལ་རྩལ་པ་འབུམ་ཕྲག་མང་པོ་སྐྱེད་སྲིང་བྱས་ནས་ལས་གནས་སུ་བཀོལ་ཆོག་ཆོག་ཡོད་པ་དང་། རྒྱ་ནག་གི་བཟོ་བ་དང་མ་འདྲ་བར་ཝི་ཏེ་ནམ་དང་ཨིན་རྡུ་ནེ་ཤི་ཡ། ཧྥི་ལི་ཕིན་གསུམ་གྱི་བཟོ་བ་ཚོར་གླ་ཕོགས་དམའ་བ་དང་སྤྱི་ཚོགས་འགན་སྲུང་གི་ཐོབ་ཐང་མང་པོ་ཞིག་སྤྲོད་མི་དགོས་པ། ན་གཞོན་ངལ་རྩོལ་པར་ལག་ཐོགས་མི་དགོས་པར་ཡོད་པ་དེར་ཐུག་ཡོད་པ་རེད།

ཆ་རྐྱེན་གཉིས་ནི་རྒྱལ་ཁབ་དེ་ཚོས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་ཚོང་ལས་གཉེར་ཕྱོགས་ལ་ཐེ་གཏོགས་བྱེད་ཀྱི་མེད་པ་དང་འཕྲུལ་རིག་ལག་རྩལ་གྱི་གསང་བའི་ཤེས་བྱ་རྣམས་བཙན་ཤེད་ཀྱིས་ལེན་གྱི་མེད་པ། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་རང་གི་རིག་དངོས་བདག་བརྐུ་འཁྱེར་བྱ་སྲིད་པའི་ཉེན་ཀ་མེད་པ། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་རྒྱལ་ཁབ་དེ་དག་གི་བདེ་འཇགས་སྲུང་སྐྱོབ་ལ་འབྲེལ་བ་ཡོད་པའི་གཞུང་གཉེར་བཟོ་ཚོང་ལས་ཁང་ཁག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་ཆོག་མིན་གྱི་དབྱེ་བ་གསལ་བོར་ཡོད་པ་དེར་ཐུག་འདུག

ཆ་རྐྱེན་གསུམ་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གུ་ཡངས་ཀྱི་གསར་འགྱུར་ལས་ཁང་ཁག་དང་སྲིད་གཞུང་ཁག་གིས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། རང་དབང་བཅས་པ་གཙིགས་སུ་བཟུང་ནས་འབྲེལ་བ་འཛིན་གྱི་ཡོད་རུང་ནུབ་ཕྱོགས་ཀྱི་མ་རྩ་རིང་ལུགས་པའི་བཟོ་ཚོང་ལས་ཁང་ཁག་གིས་དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ལ་བསམ་བློ་མི་གཏོང་བར་ཁེ་ལས་གཅིག་པུ་གཉེར་རྒྱུའི་དམིགས་ཡུལ་བཅངས་ནས་མ་རྩ་འཛུགས་ཀྱི་ཡོད་པར་བརྟེན། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་དམངས་གཙོའི་ལྟ་གྲུབ་དང་ཚོང་ལས་ཀྱི་གན་རྒྱ་གཉིས་ལ་ཁྲིམས་ཐོག་ཏུ་སྲུང་སྐྱོབ་ཇི་ལྟར་ཡོད་པ་གཉིས་ལ་དབྱེ་བ་གསལ་བོར་ཕྱེ་སྟེ། ཁོ་ཚོས་ཕྱོགས་གཉིས་ཀས་ཚོང་ལས་ཀྱི་གན་རྒྱའི་འབྲུ་དོན་ཁག་ལ་བརྩི་སྲུང་བྱས་ནས་ཚོང་ལས་གཉེར་ན་ཕྱོགས་གཉིས་ཀར་དགེ་མཚན་ཡོད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་རེད།

ཆ་རྐྱེན་བཞི་པ་ནི་ཝེ་ཏེ་ནམ་ལ་མཚོན་ན་ཧྥ་རན་སི་དང་ཨ་མི་རི་ཀ རྒྱ་ནག་ལ་བཅས་ལ་ལོ་མང་རིང་དམག་འཁྲུག་རྒྱབ་ནས་གཞན་གྱི་བཙན་འཛུལ་དང་གཉའ་གནོན་མྱངས། ༡༩༨༦་ཡས་མས་སུ་ཝི་ཏེ་ནམ་ལ་དཔལ་འབྱོར་སྒྱུར་བཅོས་གཏོང་རྒྱུ་འགོ་ཚུགས། ད་ལྟ་ཝི་ཏེ་ནམ་གྱི་མི་རབས་གསར་པ་ཚོར་དཔལ་འབྱོར་གོང་འཕེལ་དང་འཚོ་བ་ཡར་རྒྱས་གཏོང་རྒྱུའི་ལས་འགན་ལས་མེད། ཨིན་རྡུ་ནེ་ཤི་ཡ་དང་ཧྥི་ལི་ཕིན་གཉིས་ཝི་ཏེ་ནམ་དང་གཅིག་མཚུངས་མིན་རུང་རྒྱལ་ཁབ་དེ་ཚོར་སྲིད་གཞུང་གི་དཔལ་འབྱོར་འཆར་འགོད་ཀྱི་སྲིད་ཇུས་ལག་ལེན་བསྟར་པ་དང་མི་དམངས་དབུལ་ཕོངས་ཀྱི་གྲངས་འབོར་མང་བ། དེང་སྐབས་ཨིན་རྡུ་ནེ་ཤི་ཡ་དང་ཧྥི་ལིན་ཕིན་གྱིས་ཕྱི་ལ་སྒོ་མོ་འབྱེད་པའི་གོ་སྐབས་གཙིགས་སུ་འཛིན་གྱི་ཡོད་པ་ཕྱི་རྒྱལ་གྱི་མ་རྩ་འཛུགས་འཇོག་བྱེད་མཁན་ཚོར་གདམ་ཀ་ཡག་པོ་ཞིག་ཏུ་གྱུར་འདུག

XS
SM
MD
LG