ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ལ་འཕྲུལ་ཆས་ཕྱིར་ཚོང་ཚོད་འཛིན་བྱ་དགོས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བྷིའོ་དང་གྲོས་ཚོགས་འོག་མའི་འཐུས་མི་ཁེ་རི་སི་ཊོ་ཧྥར་སི་མཱི་ཐེ་གཉིས་གཙོས་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་གིས་ཐུན་མོང་སྙན་ཞུ་ཞིག་ལ་མིང་རྟགས་བཀོད་ནས་ཨ་མི་རི་ཀའི་ཚོང་དོན་དྲུང་ཆེ་ཝིལ་བྷར་རོ་སི་ལ་ཕུལ་ཞིང་། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཕུལ་བའི་སྙན་ཞུ་དེར་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ལ་བདེ་འཇགས་སྲུང་སྐྱོབ་ཀྱི་འཕྲུལ་ཆས་མང་པོ་ཞིག་འཚོང་གི་ཡོད་པར་ཚོད་འཛིན་བྱ་དགོས། དེའི་རྒྱུ་མཚན་ནི་ཨ་མི་རི་ཀས་རྒྱ་ནག་ལ་ཕྱིར་ཚོང་བྱས་པའི་བདེ་འཇགས་ཀྱི་འཕྲུལ་ཆས་མང་པོ་ཞིག་རྒྱ་ནག་གཞུང་གིས་ཞིན་ཅང་ལ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་སྟེ། དེང་སྐབས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ས་གནས་ཁག་ཏུ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཡུལ་བཀག་ཉར་ཁང་མང་དག་ཅིག་ཚུགས་ནས་ཡུ་གུར་བ་ས་ཡ་གཅིག་ཡས་མས་ཤིག་བཀག་སྐྱིལ་བྱེད་ཡོད་པ་ཚོར་ལྟ་རྟོག་དང་ནན་སྡོམ་བྱེད་པའི་ཆེད་དུ་ཨ་མི་རི་ཀའི་བདེ་འཇགས་སྲུང་སྐྱོབ་ཀྱི་འཕྲུལ་ཆས་རྣམས་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་ཧ་ཅང་གསལ་བོ་རེད་ཅེས་ནན་བརྗོད་བྱས་ཡོད་པར་བརྟེན། ཨ་མི་རི་ཀའི་སྲིད་གཞུང་ལ་ཞིན་ཅང་གི་བཀག་ཉར་ཁང་དེ་རྣམས་སྒོ་རྒྱག་པར་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་ཞེས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་སོང་འདུག ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཞིབ་འཇུག་ཚོགས་ཆུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་དང་ཞིན་ཅང་གི་བཀག་ཉར་ཁང་དེ་དག་ལ་འབྲེལ་བ་ཡོད་པའི་མཐོ་རིམ་འགོ་ཁྲིད་༧་གྱི་མིང་ཐོ་བཀོད། ཨ་མི་རི་ཀའི་ཐོ་གཞུང་དེར་འཁོད་པའི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་དེ་རྣམས་ཨ་མི་རི་ཀར་འགྲིམ་འགྲུལ་བྱེད་མི་ཆོག་པ་དང་ཨ་མི་རི་ཀ་ནས་བདེ་འཇགས་སྲུང་སྐྱོབ་ཀྱི་འཕྲུལ་ཆས་ནང་འདྲེན་བྱེད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཨ་མི་རི་ཀས་ཚོང་འབྲེལ་གཅོད་རྒྱུ། ཞིན་ཅང་གི་དྲག་གནོན་ལ་འབྲེལ་བ་ཡོད་པའི་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་དང་བཟོ་ཚོང་ལས་ཁང་ཁག་ལ་རྒྱལ་སྤྱིའི་ཐོག་ཏུ་འགྲིམ་འགྲུལ་དང་ཚོང་ལས་བཀག་སྡོམ་བྱ་དགོས་མིན་ལ་ཨ་རིའི་གཞུང་གིས་བསམ་ཞིབ་ནན་པོ་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པ་གཉིས་ཀས་ཞིན་ཅང་གི་ས་གནས་ཁག་ཏུ་ཡུ་གུར་བ་ཚོར་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཡུལ་བཀག་ཉར་ཁང་བཅུ་ཕྲག་མང་པོ་འཛུགས་སྐྲུན་གྱིས་ཡུ་གུར་བ་དང་ཧ་ས་ཁ་བ། དེ་མིན་གྱི་ཁ་ཆེའི་ཆོས་དད་པ་གྲངས་ཉུང་མི་རིགས་ལ་རྒྱ་ནག་གཞུང་དང་གུང་ཁྲན་ཏང་ལ་དགའ་ཞེན་བྱ་དགོས། ཞིན་ཅང་གི་ཡུ་གུར་བ་དང་གྲངས་ཉུང་མི་རིགས་ཀྱིས་རྒྱ་ནག་གཞུང་དང་གུང་ཁྲན་ཏང་གི་བཀའ་དྲིན་ཚོར་དགོས། ཞིན་ཅང་གི་ཡུ་གུར་པ་རྣམས་རྒྱ་ནག་གི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་ཁོངས་སུ་གཏོགས་པའི་འདུ་ཤེས་འཛིན་དགོས། མི་རིགས་མཐུན་སྒྲིལ་དང་རྒྱ་ནག་གི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་ཡུ་གུར་པ་ཚོས་གོང་བཀུར་དང་སྲུང་སྐྱོབ་བྱ་དགོས། ཁ་བྲལ་གྱི་ལྟ་བ་དང་འཇིགས་སྐུལ་གྱི་ལྟ་བ། མཐའ་ལྷུང་གི་ལྟ་བ་བཅས་ལ་ཡུ་གུར་བ་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས་ཞེས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་པས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱེད་པ་དང་། ཞིན་ཅང་གི་ཡུ་གུར་བ་འབུམ་ཕྲག་མང་པོ་བཀག་ཉར་ཁང་དུ་བཅུག་ནས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་པ་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་འགལ་རེད་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་པར་མ་ཟད། ཉེ་དུས་ཨ་རིའི་ནེའུ་ཡོག་དུས་བབ་ཚགས་པར་ཚུད་པའི་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་ཞིན་ཅང་ལ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཡུལ་བཀག་ཉར་ཁང་ཧ་ཅང་མང་པོ་ཞིག་འདུག་ཅེས་གནས་ཚུལ་སྤེལ་བས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཐོག་ཏུ་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་སོང་འདུག ད་ལྟ་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཨ་རིའི་ཚོང་དོན་ལྷན་ཁང་གི་དྲུང་ཆེར་སྙན་ཞུ་ཕུལ་ཡོད་པ་དེས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཞིབ་འཇུག་ཚོགས་ཆུང་གི་ལྟ་བ་མཚོན་ཐུབ། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཕྱི་སྲིད་དྲུང་ཆེ་དང་ནོར་སྲིད་དྲུང་ཆེ་གཉིས་ལའང་སྙན་ཞུ་ཕུལ་ནས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་ལ་འབྲེལ་བ་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོར་འགྲིམ་འགྲུལ་བཀག་སྡོམ་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་དགོས་ཞེས་ནན་བརྗོད་བྱས་འདུག གལ་སྲིད་ཨ་རིའི་གཞུང་གིས་མེག་ཎི་སི་ཀི་བཅའ་ཁྲིམས་དེ་ཉིད་ལག་ལེན་བསྟར་ཚེ། ཁྲེན་ཆོན་གོ་ཚུད་པའི་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་༧་ལ་རྒྱལ་སྤྱིའི་ཐོག་ཏུ་འགྲིམ་འགྲུལ་དང་ཚོང་འབྲེལ་འགོག་ཆོག ཨ་རིའི་ཚོང་དོན་ལྷན་ཁང་གི་དྲུང་ཆེར་ཕུལ་བའི་སྙན་ཞུ་དེར་རྒྱ་ནག་གི་སྤྱི་བདེ་ལྷན་ཁང་གིས་ཨ་མི་རི་ཀ་ནས་ནང་འདྲེན་བྱས་པའི་བདེ་འཇགས་ཀྱི་འཕྲུལ་ཆས་ཁག་ཞིན་ཅང་ལ་བཀོལ་སྤྱོད་བྱེད་ཀྱི་མེད་ཅེས་བཤད་ནས་ངོས་ལེན་གཏན་ནས་བྱ་མི་སྲིད། ཡིན་ནའང་རྒྱ་ནག་གི་སྤྱི་བདེ་ལྷན་ཁང་གིས་ཨ་མི་རི་ཀ་ནས་ནང་འདྲེན་བྱས་པའི་བདེ་འཇགས་ཀྱི་འཕྲུལ་ཆས་ཧྲིལ་བོའམ། ཡང་ན་འཕྲུལ་ཆས་ཀྱི་ལྷུ་ལག་རྣམས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད་པར་ཐེ་ཚོམ་མེད་ཅེས་བཀོད་དོ།།

XS
SM
MD
LG