ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བལ་ཡུལ་རྒྱ་ནག་ལ་བློ་ཕྱོགས་ནས་རྒྱ་གར་ལ་རྒྱབ་བསྟན།


༄༅།། རྒྱ་གར་གྱིས་སྣེ་ཁྲིད་པའི་མཉམ་འབྲེལ་དམག་སྦྱོང་ཞིག་ནང་བལ་ཡུལ་མཉམ་ཞུགས་བྱ་རྒྱུ་མིན་ཞེས་ཐག་གཅོད་བྱས་པ་ནི་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་རྒྱ་གར་ལ་མཚོན་ན་ཧ་ཅང་གི་ཡ་མཚན་སྐྱེ་དགོས་པའི་དུས་སྐབས་ཤིག་ཏུ་སྣང་། འདི་ནི་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་མཉམ་འབྲེལ་དམག་སྦྱོང་བྱ་རྒྱུ་དེར་དུས་ཡུན་བདུན་ཕྲག་གཅིག་ལས་མེད་པའི་མཚམས་དང་རྒྱ་ནག་གིས་མཚོ་ཁ་བརྒྱུད་ནས་བལ་ཡུལ་ལ་སྐྱེལ་འདྲེན་བྱེད་དུ་འཇུག་རྒྱུའི་གྲོས་མཐུན་བྱུང་ནས་བདུན་ཕྲག་གཅིག་གི་རྗེས་སུ་བྱུང་འདུག

བལ་ཡུལ་གྱི་གྲོས་ཚོགས་སུ་རྒྱ་གར་གྱིས་སྣེ་ཁྲིད་པའི་མཉམ་འབྲེལ་དམག་སྦྱོང་ལ་བལ་ཡུལ་གྱི་དམག་དཔུང་མཉམ་ཞུགས་བྱ་རྒྱུའི་གྲོས་བསྡུར་བྱས་མེད། བལ་ཡུལ་གྱི་དམག་དཔུང་མཉམ་འབྲེལ་དམག་སྦྱོང་དེར་མཉམ་ཞུགས་བྱ་མི་ཆོག་ཅེས་བལ་ཡུལ་སྲིད་བློན་ཨོ་ལི་ལ་ངོ་རྒོལ་བྱས་པས་ཁ་སྔོན་གཟའ་སྤེན་པའི་ཉིན་རྒྱ་གར་གྱིས་སྣེ་ཁྲིད་པའི་མཉམ་འབྲེལ་དམག་སྦྱོང་དེར་བལ་ཡུལ་གྱི་དམག་དཔུང་མཉམ་ཞུགས་བྱ་རྒྱུ་མིན། བལ་ཡུལ་རྒྱལ་ཁབ་ཀྱིས་སུ་གཅིག་གི་ཕྱོགས་སུ་མ་ལངས་པར་ཞི་བདེ་མཉམ་གནས་བྱ་དགོས་པའི་ཕྱི་འབྲེལ་སྲིད་ཇུས་གཏན་ལ་ཕབ་ཡོད་པ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བལ་ཡུལ་གཞུང་གིས་ཁྱབ་བསྒྲགས་བྱས་འདུག

རྒྱ་གར་དང་བལ་ཡུལ་གཉིས་ལ་སྤྱི་ལེ་༡༨༠༠་ལྷག་གི་ས་མཚམས་ཡོད་པ་དེར་འགྲིམ་འགྲུལ་བཀག་སྡོམ་མེད། འདས་པའི་ལོ་མང་རིང་རྒྱ་གར་དང་བལ་ཡུལ་གྱི་དམག་ལ་འབྲེལ་བ་དམ་ཟབ་ཚུགས་ནས་བལ་ཡུལ་གྱི་དམག་གི་མཚོན་ཆ་དང་མདེའུ་སོགས་མཐུན་རྐྱེན་སྦྱོར་མཁན་གཙོ་བོ་ཞིག་རྒྱ་གར་ཡིན་ཞིང་། ད་དུང་བལ་ཡུལ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པར་རྒྱ་གར་གྱི་དམག་སྤྱི་ཞིག་གི་ཆེ་བསྟོད་མཚན་གནས་ཡོད་ཀྱང་བལ་ཡུལ་གློ་བུར་དུ་རྒྱ་གར་གྱིས་སྣེ་ཁྲིད་པའི་མཉམ་འབྲེལ་དམག་སྦྱོང་ཁོངས་ནས་ཕྱིར་འཐེན་བྱས་པ་དེས་ཕྱོགས་གཉིས་ཀྱི་དམག་གི་འབྲེལ་བར་འཕྲལ་དུ་འགལ་རྐྱེན་ཆེན་པོ་ཞིག་སློང་མི་སྲིད་ཀྱང་ཕུགས་སུ་བལ་ཡུལ་དང་རྒྱ་གར་གྱི་དམག་གི་འབྲེལ་བ་སྔར་བཞིན་རྒྱུན་འཁྱོངས་བྱེད་མི་ཐུབ་པའི་རྟགས་མཚན་ཞིག་མངོན། ད་དུང་རྒྱ་གར་གཞུང་གིས་རྒྱ་ནག་དང་པ་ཀི་སི་ཐན་གཉིས་མ་བཅུག་པར་བྷང་ག་ལའི་མཚོ་ཁུག་གི་ཕྱོགས་མང་མཉམ་འབྲེལ་འཐབ་ཇུས་ཞེས་པའི་མཐུན་ཚོགས་ཤིག་བཙུགས་ནས་ལྷོ་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ལ་ཁ་གཏད་གཅོག་རྒྱུ། རྒྱ་ནག་གིས་པ་ཀི་སི་ཐན་བརྒྱུད་ནས་ལྷོ་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་མ་ཟད། རྒྱ་ནག་ཀྱང་ལྷོ་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ལ་ཟུར་ཉན་པའི་གནས་བབ་ཐོག་ཏུ་ཞུགས་ཆོག་གི་ཡོད་པས་ལྷོ་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཁོངས་སུ་རྒྱ་གར་གྱི་དམིགས་ཡུལ་དང་སྲིད་ཇུས་རྣམས་བསྒྲུབ་པར་འགོག་རྐྱེན་འཕྲད། གཟའ་འཁོར་འདིར་རྒྱ་གར་གྱིས་སྣེ་ཁྲིད་པའི་མཉམ་འབྲེལ་དམག་སྦྱོང་ལ་བལ་ཡུལ་མཉམ་ཞུགས་མ་བྱས་ཀྱང་ཕྱི་ཟླ་༩་ཚེས་༡༧་ནས་ཁྲེན་ཏུའུ་གྲོང་ཁྱེར་དུ་རྒྱ་ནག་དང་བལ་ཡུལ་གྱི་དམག་གིས་མཉམ་འབྲེལ་དམག་སྦྱོང་བྱེད་ཀྱི་ཡོད་ཅིང་། འདི་ནི་རྒྱ་ནག་གིས་བལ་ཡུལ་ལ་ཤུགས་རྐྱེན་ཐེབས་རྒྱུ་ཤུགས་ཆེ་རུ་སོང་སྟེ་རྒྱ་གར་དང་བལ་ཡུལ་གཉིས་ལ་འབྲེལ་བ་བཟང་པོ་མེད་པ། ལྷག་པར་དུ་རྒྱ་གར་གྱི་སྲིད་བློན་མོ་དྷི་ལ་ཕྱི་འབྲེལ་གྱི་ཕམ་ཉེས་ཆེན་པོ་ཞིག་བྱུང་སོང་ཞེས་ཉམས་ཞིབ་པ་ཚོས་རྩོམ་ཡིག་སྣ་ཚོགས་ཤིག་སྤེལ་འདུག

སྤྱིར་རྒྱ་གར་དང་བལ་ཡུལ་གཉིས་མི་རིགས་དང་ཆོས་ལུགས། རིག་གཞུང་སོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་ཀྱང་རྒྱ་གར་གཞུང་གིས་རྟག་ཏུ་རྒྱུ་རྐྱེན་ཅུང་ཟད་ལ་བརྟེན་ནས་བལ་ཡུལ་ལ་ས་སྣུམ་བཀག་སྡོམ་དང་བྱེ་མ་ཀ་ར་བཀག་སྡོམ། རྒྱ་གར་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་དུ་མ་བཅུག་པ་དང་བལ་ཡུལ་ནས་རྒྱ་གར་ལ་འགྲིམ་འགྲུལ་བཀག་སྡོམ། ཀ་ལི་ཀ་ཏའི་མཚོ་ལམ་བརྒྱུད་ནས་བལ་ཡུལ་ལ་དངོས་ཟོག་ནང་འདྲེན་བྱེད་དུ་འཇུག་གི་མེད་པས་རྒྱ་གར་གྱི་བཀག་སྡོམ་ལས་ཐར་པར་བལ་ཡུལ་གཞུང་གིས་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་བཏང་སྟེ། ཉེ་ཆར་རྒྱ་ནག་གི་ཐེན་ཅིན་སོགས་གྲུ་ཁ་བཞི་བརྒྱུད་ནས་བལ་ཡུལ་ལ་དངོས་ཟོག་སྐྱེལ་འདྲེན་བྱེད་དུ་འཇུག་རྒྱུ་ཡིན་ཞེས་ཐག་གཅོད་བྱུང་བས་བལ་ཡུལ་སྔར་བཞིན་རྒྱ་གར་གྱི་མཚོ་ལམ་གཅིག་པུར་བརྟེན་མི་དགོས་པར་གྱུར། ཉེ་ཆར་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་མིང་རྟགས་བཀོད་པའི་གྲོས་མཐུན་ཁོངས་སུ་རྒྱ་ནག་གི་ཐེན་ཅིན་དང་ཧྲེན་ཀྲེན། ལན་ཡུན་ཀང་དང་ཀྲན་ཅང་བཅས་མཚོ་ཁ་བཞི། ལན་ཀྲུག་དང་ལྷ་ས། གཞིས་ཀ་རྩེ་བཅས་སྐམ་སའི་སྐྱེལ་འདྲེན་ས་ཚུགས་གསུམ་ནས་བལ་ཡུལ་ལ་དངོས་ཟོག་སྐྱེལ་འདྲེན་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཀོད།

༢༠༡༦་ལོར་རྒྱ་གར་གྱིས་བལ་ཡུལ་ལ་སྐྱེལ་འདྲེན་བཀག་ནས་སྣུམ་དང་སྨན་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་པས་བལ་ཡུལ་གྱི་སྲིད་བློན་རྒྱ་ནག་ལ་ཕེབས་ནས་སྐྱེལ་འདྲེན་གྱི་ཐབས་ལམ་གསར་པ་ཞིག་བཙལ་འགོ་ཚུགས། རྒྱ་ནག་གི་མཚོ་ཁ་བཞི་དང་སྐམ་སའི་ས་ཚུགས་བཞི་བལ་ཡུལ་ལ་སྒོ་ཕྱེ་པ་ནི་བལ་ཡུལ་གཞུང་ལ་མཚོན་ན་རྒྱལ་ཁ་ཆེན་པོ་ཞིག་ཡིན་རུང་དོན་དངོས་ལ་བལ་ཡུལ་གྱི་ཚོང་ཟོག་བརྒྱ་ཆ་༧༠་ལྷག་རྒྱ་གར་བརྒྱུད་ནས་སྐྱེལ་འདྲེན་བྱ་དགོས། བལ་ཡུལ་ནས་རྒྱ་གར་གྱི་མཚོ་ཁ་བར་དུ་རྒྱང་ཁད་སྤྱི་ལེ་༡༢༠༠་ལས་མེད་ཀྱང་བལ་ཡུལ་ནས་རྒྱ་ནག་གི་མཚོ་ཁ་ཐག་ཉེ་ཤོས་བར་དུ་རྒྱང་ཁད་སྤྱི་ལེ་༣༥༠༠་ཡོད་པས་རྒྱ་ནག་གི་མཚོ་ཁ་དེ་ཚོས་བལ་ཡུལ་ལ་རྒྱ་གར་གྱི་མཚོ་ཁ་ཁག་གི་ཚབ་དོད་གཏན་ནས་ཡོང་མི་སྲིད། ཡིན་ནའང་ད་ནས་རྒྱ་གར་གྱིས་དུས་ཚོད་ངེས་མེད་དང་རང་སྣང་གང་དྲན་གྱི་སྒོ་ནས་བལ་ཡུལ་ལ་དངོས་ཟོག་སྐྱེལ་འདྲེན་བྱེད་མི་ཆོག་ཅེས་མཚོ་ལམ་བཀག་ཚེ། བལ་ཡུལ་སྔར་བཞིན་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་མི་དགོས་པར་རྒྱ་ནག་གི་མཚོ་ཁ་ཁག་དང་སྐམ་སའི་འབབ་ཚུགས་ཁག་བརྒྱུད་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཆོག་པའི་གདམ་ཀ་གསར་པ་ཞིག་རྙེད་དོ།།

XS
SM
MD
LG