ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༩་པའི་༡༡་གི་གཏོར་རྒོལ་ལ་རྗེས་དྲན།


ཕྱི་ཟླ་༩་ཚེས་༡༡་འདི་ཨ་རིའི་རྒྱལ་ཡོངས་སུ་༢༠༠༡་གི་ཕྱི་ཟླ་༩་ཚེས་༡༡་ཉིན་འཇིགས་སྐུལ་རིང་ལུགས་པ་ཚོས་ཨ་མི་རི་ཀར་གཏོར་རྒོལ་བྱས་ནས་ལོ་༡༧་འཁོར་པའི་དུས་དྲན་ཡིན་ཞིང་། ལོ་༡༧་སྔོན་གྱི་ཕྱི་ཟླ་༩་ཚེས་༡༡་གི་སྔ་དྲོར་འཇིགས་སྐུལ་རིང་ལུགས་པ་ཚོས་འགྲུལ་སྐྱེལ་གནམ་གྲུ་ཁག་ཅིག་བཙན་འཕྲོག་བྱས་ནས་ནེའུ་ཡོག་གྲོང་ཁྱེར་གྱི་འཛམ་གླིང་ཚོང་དོན་ལྟེ་གནས་ཁང་ཆེན་གཉིས་དང་རྒྱལ་ས་ཝ་ཤིང་ཊོན་གྱི་ཨ་རིའི་རྒྱལ་སྲུང་ལྷན་ཁང་ལ་རྡུང་ག་བརྒྱབ་ནས་མི་༣༠༠༠་ཡས་མས་ཤིག་བསད། འགྲུལ་སྐྱེལ་གནམ་གྲུ་གཞན་ཞིག་ཨ་མི་རི་ཀའི་ཕན་སིལ་ཝྭེ་ཎི་ཡ་མངའ་སྡེའི་ས་སྟོང་ཞིག་ཏུ་བརྡབས་ཏེ་འགྲུལ་པ་ཡོད་ཚད་བསད་པའི་ཆེས་ཐབས་རྡུགས་ཀྱི་དོན་རྐྱེན་ཞིག་བྱུང་བ་རེད། གཟའ་མིག་དམར་ཉིན་ཨ་མི་རི་ཀ་བ་ཚོས་སྤྱི་ཚོགས་ལ་དང་བླངས་སྲི་ཞུ་སྒྲུབ་པ་དང་དྲན་རྟེན་གསར་པ་བཞེངས། མར་མེའི་མཆོད་འབུལ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ལོ་༡༧་སྔོན་གྱི་༩་པའི་༡༡་གི་གཏོར་རྒོལ་དུས་སུ་འཆི་སྐྱོན་བྱུང་བའི་འདས་པོ་རྣམས་ལ་རྗེས་དྲན་བྱེད་ཀྱི་ཡོད་ཅིང་། ནེའུ་ཡོག་གྲོང་ཁྱེར་གྱི་འཛམ་གླིང་ཚོང་དོན་ལྟེ་གནས་ཁང་ཆེན་གཉིས་ཀྱི་ཤུལ་དེར་འདས་པོ་རྣམས་ཀྱི་ཕ་མ་དང་བཟའ་ཟླ་བུ་ཕྲུག གཉེན་ཚན་སོགས་འདུས་ནས་མེ་ཏོག་གི་མཆོད་པ་ཕུལ་བ་དང་འདས་པོ་རྣམས་ཀྱི་མིང་གཞུང་རྡོ་བརྐོས་བརྒྱབ་པར་ལག་པ་འཆང་བ། ༩་པའི་༡༡་གི་འགྲེམ་སྟོན་ཁང་དུ་འདས་པོ་རྣམས་ཀྱི་གྱོན་གོས་ལྷག་ལུས་དང་ཁང་པའི་ལྕགས་གདུང་ཆག་རོ་རྣམས་ལ་བལྟས་ནས་དུས་དྲན་སྲུང་བརྩི་ཞུས་འདུག

ཨ་རིའི་སྲིད་འཛིན་གཏན་ཞལ་གཉིས་དང་སྲིད་འཛིན་གཞོན་པ་ནེའུ་ཡོཀ་གྲོང་ཁྱེར་དང་རྒྱལ་སྲུང་ལྷན་ཁང་། ཕན་སིལ་ཝྭེ་ཎི་ཡའི་གནམ་གྲུ་བརྡབས་ཡུལ་བཅས་ལ་ཁག་བགོས་ཀྱིས་ཕེབས་ནས་རྗེས་དྲན་གྱི་མཛད་སྒོ་ཁག་ལ་ཞུགས། སྲིད་འཛིན་ཌོ་ནལ་ཊམ་གྱིས་འཇིགས་སྐུལ་རིང་ལུགས་པ་དང་མཐའ་ལྷུང་རིང་ལུགས་པ་ཚོས་ནམ་ཡང་ཨ་མི་རི་ཀར་འཇིགས་སྣང་བསྐུལ་མི་ཐུབ་ཅེས་གཏམ་བཤད་བྱས་འདུག ༩་པའི་༡༡་གི་གཏོར་རྒོལ་རྗེས་སུ་ཨ་མི་རི་ཀས་རྒྱལ་སྤྱིའི་ཐོག་ཏུ་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱས་པའི་དམག་འཁྲུག་ཅིག་བསླངས་ནས་ཨབ་གྷ་ཎི་སི་ཐན་དང་ཨི་རཀ་ལ་དམག་བརྒྱབ་སྟེ་ཏ་ལི་བྷན་དབང་འཛིན་ཤོག་ཁག་དང་ས་ཏམ་ཧུ་སེན་གྱི་སྲིད་གཞུང་གཉིས་མགོ་རྟིང་སློག་པར་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་བརྡབས་འཁྲུག་ཆེན་པོ་ཐེབས། ཨ་རིའི་རྒྱལ་ནང་ལའང་བདེ་འཇགས་སྲུང་སྐྱོབ་དམ་དུ་བཏང་ནས་སྔར་བཞིན་གུ་ཡངས་མེད་པར་གྱུར། འོན་ཀྱང་འཇིགས་སྐུལ་རིང་ལུགས་པ་ཚོས་ཨ་མི་རི་ཀར་གཏོར་རྒོལ་བྱས་ནས་དཔལ་འབྱོར་ཉམས་ཉེས་གཏོང་རྒྱུའི་ཀུན་སློང་བཅངས་པ་མངོན་དུ་གྱུར་མེད་པ་སྟེ། ད་ལྟ་ཨ་མི་རི་ཀ་སྔར་སྲིད་འབྱོར་རིག་གསུམ་དར་འཕེལ་དང་སྟོབས་འབྱོར་རྒྱས་ནས་འཛམ་གླིང་ལ་སྔར་ལས་ལྷག་པའི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། འཛམ་གླིང་ཡུལ་གྲུ་ཁག་གི་ཞི་བདེ་དང་འགྲོ་བ་མིའི་བཟང་སྤྱོད་གོང་བཀུར་བྱེད་པའི་ཁ་ཆེ་རྒྱལ་ཁབ་ཁག་གི་ཡུལ་སྐོར་སྤྲོ་འཆམ་པ་དང་སློབ་ཕྲུག་སོགས་ཨ་མི་རི་ཀར་ཡོང་ཆོག་པའི་གོ་སྐབས་དམ་དུ་བཏང་སྟེ། ཁ་ཆེ་ན་གཞོན་ཤེས་འཇོན་གཉིས་ལྡན་མང་པོ་ཞིག་ཨ་མི་རི་ཀར་ཡོང་ནས་རང་གི་ཕུགས་བསམ་དོན་གཉེར་བྱ་རྒྱུ་དེ་ལའང་འགོག་རྐྱེན་འཕྲད་ཡོད་པ་རེད།།

XS
SM
MD
LG