ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་ཨ་རིར་ཕེབས་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཟླ་བ་རྗེས་མར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འཁོར་དུ་ཆགས་པའི་མེ་རི་ལན་ཌི་མངའ་སྡེའི་རྒྱལ་ས་སྟེ། ཨ་ན་པོ་ལི་སི་གྲོང་ཁྱེར་དུ་ཨ་མི་རི་ཀ་དང་ཐེ་ཝན་གྱི་རྒྱལ་སྲུང་བཟོ་ལས་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས་འཆར་ཡོད་ཅིང་། རྒྱ་ནག་གཞུང་གིས་ཨ་མི་རི་ཀ་དང་ཐེ་ཝན་གྱི་རྒྱལ་སྲུང་བཟོ་ལས་མཐུན་ཚོགས་ཀྱི་ཚོགས་ཆེན་ལ་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གདན་འདྲེན་ཞུ་མི་ཆོག་ཅེས་ཉེན་བརྡ་བཏང་རུང་ཨ་མི་རི་ཀའི་དམག་དོན་བཟོ་ལས་མཐུན་ཚོགས་ཀྱིས་རྒྱ་ནག་གི་ཉེན་བརྡ་དེར་སྣང་མེད་བཏང་ནས་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་ཡན་ཐེ་ཧྥ་ཚོགས་འདུ་དེར་གདན་འདྲེན་ཞུས་འདུག འདི་ནི་ལོ་བཅུ་ཕྲག་གཅིག་གི་རྗེས་སུ་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་ཞིག་ཨ་མི་རི་ཀར་ཚོགས་ཆེན་ཞིག་ལ་ཕེབས་རྒྱུ་ཡིན་པ་ཐེངས་དང་པོ་དེར་འགྱུར་སྲིད། རྒྱ་ནག་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཐེ་ཝན་ལ་ཕྱི་འབྲེལ་དང་དམག་དོན། ཆབ་སྲིད་བཅས་ཀྱི་འབྲེལ་བ་འཛུགས་པའི་རྒྱལ་ཁབ་ཁག་གམ། ཡང་ན་རྒྱལ་ཁབ་དེ་དག་གི་མཐོ་རིམ་འགོ་ཁྲིད་ཚོས་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཚོར་ཐུག་འཕྲད་བྱས་ན་རྒྱ་ནག་གཞུང་གིས་འབྲེལ་ཡོད་རྒྱལ་ཁབ་དེར་ངོ་རྒོལ་དང་སྐྱོན་བརྗོད། རྒྱལ་ཁབ་དེར་ཚོང་འབྲེལ་གཅོད་པ་དང་ཕྱོགས་གང་ཐད་དུ་དཀའ་ངལ་སྤྲོད་ཐབས་བྱེད་ཀྱི་ཡོད་པས་ཨ་མི་རི་ཀའི་དམག་དོན་བཟོ་ལས་མཐུན་ཚོགས་ལའང་རྒྱ་ནག་གིས་ངོ་རྒོལ་དང་སྐྱོན་བརྗོད་བྱ་རྒྱུ་ཉག་ཅིག་ཡིན་ཞིང་། ཨ་རི་དང་ཐེ་ཝན་གྱི་བཟོ་ལས་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཟླ་བ་རྗེས་མའི་ཚོགས་འདུ་དེ་བསྡུ་སྐོང་བྱེད་ཀྱི་ཡོད་པར་མ་ཟད། བཟོ་ལས་མཉམ་འབྲེལ་མཐུན་ཚོགས་དེའི་གཙོ་འཛིན་ཧ་མོན་ཌི་ཆེམ་བྷར་གྱིས་ཧོང་ཀོང་གི་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་ཡན་ཐེ་ཧྥ་ཚོགས་འདུ་དེར་གདན་འདྲེན་ཞུས་ཡོད་ཅེས་ངེས་གཏན་བྱས་ཡོད་པ་རེད། གལ་སྲིད་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གྱིས་མགྲོན་འབོད་དེར་དང་ལེན་བྱེད་ན་༢༠༠༨་ནས་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་ཞིག་ཨ་མི་རི་ཀར་ཚོགས་འདུར་ཕེབས་པ་ཐེངས་དང་པོ་དེར་འགྱུར་རྒྱུ་ཡིན་པ་དང་། ༢༠༡༨་ལོའི་ཨ་རི་དང་ཐེ་ཝན་གྱི་རྒྱལ་སྲུང་བཟོ་ལས་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་ཕྱི་ཟླ་༡༠་པའི་ཚེས་༢༨་ནས་༣༠་བར་དུ་འཚོགས་འཆར་ཡོད་ཅིང་། ཨ་རི་དང་ཐེ་ཝན་གྱི་རྒྱལ་སྲུང་བཟོ་ལས་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་ཐེངས་༡༦་ཚོགས་ཟིན་པ་དེ་དག་གི་ཐོག་ཏུ་ཨ་མི་རི་ཀས་ཐེ་ཝན་གྱི་སྲུང་སྐྱོབ་དོན་དུ་དེང་རབས་ཅན་གྱི་མཚོན་ཆ་རིགས་གང་འདྲ་ཞིག་བཙོང་དགོས་མིན། ཐེ་ཝན་གྱི་སྲུང་སྐྱོབ་ལ་དམག་དོན་ཡོ་བྱད་དང་མཚོན་ཆ། དམག་དོན་གྱི་འཕྲུལ་རིག་ལག་རྩལ་གང་འདྲ་ཞིག་དགོས་མིན་སོགས་ལ་གྲོས་བསྡུར་བྱུང་འདུག ༡༩༧༩་ལོར་ཨ་མི་རི་ཀས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་སྐམ་ས་ཆེན་མོར་འབྲེལ་བ་བཙུགས་ནས་བཟུང་། ཨ་མི་རི་ཀས་ཐེ་ཝན་གྱི་སྲུང་སྐྱོབ་ལ་མཁོ་བའི་མཚོན་ཆ་དང་དམག་དོན་ཡོ་བྱད་རྣམས་བཙོང་དགོས་ཞེས་ཨ་རིའི་གྲོས་ཚོགས་ཀྱིས་བཅའ་ཁྲིམས་གཏན་ལ་ཕབ། ད་ལོའི་ཚོགས་ཆེན་ཐོག་ཏུ་ཨ་རི་དང་རྒྱ་གར། ཞི་བདེ་རྒྱ་མཚོའི་བར་གྱི་དམག་དོན་འཐབ་ཇུས་ཁོངས་སུ་ཐེ་ཝན་གྱིས་ལས་འགན་ཅི་ཞིག་བསྒྲུབ་ཐུབ་རྒྱུ་ཡིན་མིན། ཨེ་ཤི་ཡའི་མངའ་ཁུལ་གྱི་རྒྱལ་སྲུང་ལས་དོན་ཁག་ལ་ཐེ་ཝན་མཉམ་ཞུགས་ཇི་ལྟར་བྱ་དགོས་མིན་སོགས་ལ་གྲོས་བསྡུར་བྱ་སྲིད། ཁ་སྔོན་ཕྱི་ཟླ་༥་ནང་དུ་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་ཡན་ཐེ་ཧྥས་གྲོས་ཚོགས་འཐུས་མི་ཚོར་ང་མགྲོན་འབོད་བྱས་ན་ཨ་རི་དང་ཐེ་ཝན་གྱི་རྒྱལ་སྲུང་བཟོ་ལས་མཐུན་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་དགོས་མིན་བསམ་བློ་གཏོང་ཆོག་ཆེས་བཤད་ཀྱང་ཐེ་ཝན་གྱི་དམག་དོན་མི་སྣ་ཚོས་རྒྱལ་སྲུང་བློན་ཆེན་ཡན་ཐེ་ཧྥ་ཨ་མི་རི་ཀར་ཚོགས་འདུར་ཕེབས་འཆར་ཡོད་ཅེས་བཤད་འདུག གལ་སྲིད་ཡན་ཐེ་ཧྥ་དངོས་སུ་ཚོགས་འདུར་ཕེབས་ན་གཏམ་བཤད་གཙོ་བོ་བྱ་དགོས་པ་དང་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོར་རྒྱ་གར་ནས་ཞི་བདེ་རྒྱ་མཚོ་བར་གྱི་དམག་དོན་འཐབ་ཇུས་ལ་ཐེ་ཝན་གྱིས་ལས་འགན་ཅི་ཙམ་བསྒྲུབ་ཐུབ་རྒྱུ་ཡིན་མིན་འགྲེལ་བཤད་རྒྱག་རྒྱུ། ད་དུང་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཚོར་ཐུག་འཕྲད་བྱས་ནས་ཨ་རི་དང་ཐེ་ཝན་གྱི་འབྲེལ་བ་ཤུགས་ཆེ་རུ་གཏོང་ཐུབ་པའི་གོ་སྐབས་ཡོད། ཨ་རི་དང་ཐེ་ཝན་གྱི་རྒྱལ་སྲུང་བཟོ་ལས་མཐུན་ཚོགས་ཀྱི་ཚོགས་འདུ་དེར་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་སུ་ཞིག་མཉམ་ཞུགས་བྱ་འཆར་ཡོད་མེད་ཕྱིར་བསྒྲགས་བྱས་མེད་ཀྱང་ཚོགས་ཆེན་དེར་གཏམ་བཤད་བྱེད་མཁན་གྱི་གྲས་སུ་ཨ་མི་རི་ཀའི་ཚོང་དོན་ལྷན་ཁང་དང་མཚོན་ཆའི་བཟོ་ཚོང་ལས་ཁང་ཁག་གི་འགོ་ཁྲིད་ཁག་འདུས། ཐེ་ཝན་གྱི་ཉམས་ཞིབ་པ་ཁག་ཅིག་གིས་ཉེ་དུས་ཤིག་ནས་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ཅིག་ལངས་ཡོད་པས་ཨ་མི་རི་ཀས་རྒྱ་ནག་ལ་གནོན་ཤུགས་སྤྲོད་པར་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གདན་འདྲེན་ཞུས་པ་ཡིན་སྲིད། སྔོན་ཆད་རྒྱ་ནག་ལ་དགོས་མེད་ཀྱི་འཁྲུག་རྩོད་མི་སློང་བའི་ཆེད་དུ་ཨ་རི་དང་ཐེ་ཝན་གྱི་རྒྱལ་སྲུང་བཟོ་ལས་མཐུན་ཚོགས་ཀྱི་ཚོགས་ཆེན་ཁག་ལ་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་མ་ཞུགས་པར་བློན་ཆེན་གཞོན་པ་ཞུགས་པའི་གནས་ཚུལ་བྱུང་ཡོད་ཅེས་བཤད། ཡིན་ནའང་རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་འགག་ཏུ་དམག་སྦྱོང་བྱས་པ་དང་ཐེ་ཝན་ལ་ཕྱི་འབྲེལ་ཚུགས་ཡོད་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་གཅོད་དུ་བཅུག་པ། རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་དང་སློབ་ཆེན་ཁག རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་གི་ཐོ་གཞུང་རེའུ་མིག་ནང་དུ་ཐེ་ཝན་ཞེས་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ཏུ་ཐོ་འགོད་བྱས་ཡོད་པ་རྣམས་བསུབ་དགོས། ཁོ་ཚོས་ཐེ་ཝན་གྱི་ཚབ་ཏུ་རྒྱ་ནག་གི་ཐེ་ཝན་ཞེས་འགོད་དགོས། རྒྱ་ནག་གི་ཆ་རྐྱེན་དེར་དང་ལེན་མི་བྱེད་པའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ལ་ཚོང་འབྲེལ་གཅོད་དགོས་ཞེས་བཙན་བཀའ་བཏང་སྟེ། ད་ལྟ་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ཞེས་པའི་མིང་ཚིག་དེ་ནག་སུབ་ཐེབས་རྒྱུའི་ཉེན་ཀ་འཕྲད། དེར་བརྟེན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་པའི་རྒྱལ་ཁབ་དེ་ཚོར་ཨ་མི་རི་ཀས་དཔལ་འབྱོར་རོགས་རམ་གཅོད་དགོས། ཨ་མི་རི་ཀས་རྒྱལ་ཁབ་དེ་ཚོར་ཚོང་ལས་བཀག་སྡོམ་གྱིས་ཉེས་ཆད་གཅོད་དགོས། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཐེ་ཝན་གྱི་དམག་ལ་སྦྱོང་བརྡར་སོགས་ཀྱི་གོ་སྐབས་མང་དུ་གཏོང་དགོས་ཞེས་འབོད་སྐུལ་ཞུས་འདུག

XS
SM
MD
LG