ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཐེ་ཝན་རྒྱ་ནག་གི་ཆ་ཤས་ཤིག་བྱ་འདོད་ཡོད་མེད་མི་དམངས་འོས་འདེམས་བྱས་ནས་ཐག་གཅོད་བྱེད་དུ་འཇུག་དགོས།


༄༅།། པེ་ཅིང་གི་དབང་འཛིན་པ་ཚོས་ཐེ་ཝན་ནི་རྒྱ་ནག་སྐམ་ས་ཆེན་མོའི་མངའ་ཁོངས་ཤིག་ཡིན། ཐེ་ཝན་མཚོ་གླིང་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས། གལ་སྲིད་ཐེ་ཝན་གྱི་འགོ་ཁྲིད་ཚོས་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ཁྱབ་བསྒྲགས་བྱེད་ཚེ། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་ངེས་ཡིན་ཞེས་སྡིགས་ར་སྐུལ་གྱི་ཡོད་མོད། འོན་ཀྱང་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཧྲུའི་པེན་གྱིས་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཤིག་བྱ་འདོད་ཡོད་མེད་མི་དམངས་ལ་མང་མོས་འོས་འདེམས་བྱེད་དུ་འཇུག་དགོས། མི་འབོར་ས་ཡ་༢༣་ཡོད་པའི་ཐེ་ཝན་མི་དམངས་ལ་རང་གི་མཚོ་གླིང་ཡུལ་གྲུ་དེ་རྒྱ་ནག་གི་མངའ་ཁོངས་ཤིག་ཡིན་པར་ངོས་ལེན་བྱ་འདོད་ཡོད་མེད་དམངས་གཙོའི་ལམ་ནས་ཐག་གཅོད་བྱེད་དུ་འཇུག་དགོས། ད་ལྟའི་ཐེ་ཝན་གྱི་གཞུང་འཛིན་ཚོགས་པས་དེའི་ཕྱོགས་ལ་ཤུགས་སྣོན་རྒྱག་དགོས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཐེ་ཝན་ཤོ་རྡེའུ་ལྟར་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དང་། དེང་སྐབས་རྒྱ་ནག་དང་ཨ་རི་གཉིས་ལ་ཚོང་དམག་ཅིག་ལངས་ཡོད་པས་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཐེ་ཝན་ལ་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་པའི་རྣམ་པ་ཞིག་སྟོན་གྱིན་འདུག ཡིན་ནའང་སྔ་མོ་ནས་ཐེ་ཝན་ནི་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཡར་རྒྱས་དང་སྡུག་ཏུ་གཏོང་བར་ལག་ཅ་ལྟ་བུ་ཞིག་ལ་བཀོལ་སྤྱོད་ཀྱིན་ཡོད། སྲིད་འཛིན་ཚཱེ་དབྱིན་ཝེན་གྱིས་ཌོ་ནལ་ཊོམ་ལ་རེ་བ་ཆེན་པོ་ཞིག་བརྒྱབ་ན་དགེ་མཚན་མེད། དེ་ལས་སྲིད་འཛིན་ཚཱེ་དབྱིན་ཝེན་གྱི་གཞུང་གིས་ཉི་ཧོང་ལ་འབྲེལ་བ་ཡར་རྒྱས་བཏང་སྟེ་ཉི་ཧོང་མི་དམངས་དང་སྲིད་གཞུང་། ལྷག་པར་དུ་སྲིད་བློན་ཤིན་ཛོ་ཨ་བྷེས་ཐེ་ཝན་ལ་ལྷག་བསམ་ཟོལ་མེད་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་ཐེ་ཝན་གཞུང་གིས་བཟང་ལན་སློག་དགོས། སྲིད་འཛིན་མ་དབྱིན་ཇུག་གིས་ལོ་༨་ལ་སྲིད་དབང་བཟུང་བའི་རིང་དེར་རྒྱ་ནག་གི་ཁེ་ཕན་ཁོ་ན་བསྒྲུབས་ཡོད་ཅིང་། ཁོ་པས་ཐེ་ཝན་གྱི་ཁེ་ཕན་གཙིགས་སུ་བཟུང་བའི་ལས་དོན་སྣ་གཅིག་བསྒྲུབས་མེད། མ་དབྱིན་ཇུག་གིས་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་གཏོང་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་དེས་ཐེ་ཝན་གྱི་ཁེ་ཕན་ལ་གནོད་སྐྱོན་ཕོག་སོང་ཞེས་སྐྱོན་བརྗོད་བྱས་འདུག སྲིད་འཛིན་ཟུར་པ་ཁྲེན་ཧྲུའི་པེན་གྱིས་ཉི་ཧོང་དུ་གནས་སྡོད་ཐེ་ཝན་པ་ཚོར་སེམས་གཏམ་བཤད་པ་ཡིན་ཞེས་གསར་འགོད་པར་གླེང་མོལ་བྱས་ཡོད་པ་ལས། ཉི་ཧོང་གི་སན་ཀེ་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་སྲིད་འཛིན་ཟུར་པ་ཁྲེན་ཧྲུའི་པེན་ལ་དངོས་སུ་བཅར་འདྲི་ཞུས་པ་ཞིག་མིན་ཞིང་། ༢༠༠༩་ལོར་སྲིད་འཛིན་ཟུར་པ་ཁྲེན་ཧྲུའི་པེན་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ལོ་༡༩་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད། ༢༠༡༤་ལོའི་ཕྱི་ཟླ་༦་ཚེས་༤་ཉིན་སྲིད་འཛིན་ཟུར་པ་ཁྲེན་ཧྲུའི་པེན་གྱིས་བཙོན་ཁང་དུ་རང་སྲོག་གཅོད་ཐབས་བྱས་ཀྱང་བཙོན་སྲུང་བས་སྐྱོབ་ཐུབ་ཡོད་པར་མ་ཟད། ༢༠༡༥་ལོར་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པེན་སྨན་བཅོས་བྱེད་པར་བཙོན་ཁང་ནས་གློད་གྲོལ་བཏང་ཞིང་། ད་ལྟ་ཁྲེན་ཧྲུའི་པེན་གྱིས་ཆབ་སྲིད་ལ་འབྲེལ་བ་ཡོད་པའི་གླེང་སློང་བྱེད་ཀྱི་ཡོད་པ་གློད་གྲོལ་གྱི་གན་རྒྱ་དང་འགལ་འཛོལ་བྱུང་ཡོད་སྲིད་པས་ཐེ་ཝན་གྱི་གོ་མིན་ཏང་གི་ཕྱོགས་གཏོགས་པ་དང་རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོས་ཐེ་ཝན་གཞུང་ལ་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པེན་སླར་ཡང་བཙོན་འཇུག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་སྲིད། དཔེར་ན་གོ་མིན་ཏང་གི་གྲོས་ཚོགས་འཐུས་མི་ལི་ཡན་ཧྲུའི་ཞེས་པ་ཞིག་གིས་ཁྲེན་ཧྲུའི་པེན་སྨན་བཅོས་བྱེད་པར་བཙོན་ཁང་ནས་གློད་གྲོལ་བཏང་བ་རེད། ཁོ་པས་གློད་གྲོལ་གྱི་གན་རྒྱའི་འབྲུ་དོན་ཁག་ལ་རྒྱབ་འགལ་བྱས་ནས་གསར་འགོད་པར་གླེང་མོལ་བྱེད་ཀྱི་ཡོད་པ་ཁྲིམས་འགལ་ཡིན། ཁྲེན་ཧྲུའི་པེན་ཆབ་སྲིད་ཀྱི་འདུ་འཛོམས་ཆེ་ཁག་ལ་མཉམ་ཞུགས་དང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་མཉམ་ཞུགས་ཧུར་པོ་བྱེད་ཀྱི་ཡོད་རུང་སྲིད་འཛིན་ཚཱེ་དབྱིན་ཝེན་གྱི་གཞུང་གིས་མ་མཐོང་ཁུལ་བྱས་ནས་སྲིད་འཛིན་ཟུར་པ་ཁྲེན་ཧྲུའི་པེན་གུ་ཡངས་སུ་བཞག་ཡོད་པ་དང་། ཐེ་ཝན་གྱི་བཙོན་པ་གཞན་པ་སུ་གཅིག་ལའང་ཐོབ་ཐང་འདི་འདྲ་ཞིག་མེད་ཅེས་སྐྱོན་བརྗོད་བྱས་འདུག ཡིན་ནའང་སྲིད་འཛིན་ཟུར་པ་ཁྲེན་ཧྲུའི་པེན་གྱིས་ཐེ་ཝན་གཞུང་གིས་མང་མོས་འོས་འདེམས་བྱ་དགོས་པ་དང་ཐེ་ཝན་མི་དམངས་ལ་རྒྱ་ནག་གི་མངའ་ཁོངས་ཆ་ཤས་ཤིག་བྱ་འདོད་མེད་པ་འཛམ་གླིང་ཡོངས་སུ་གསལ་སྟོན་བྱ་དགོས། ད་ལྟ་རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་སྡིགས་ར་དང་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་འཇོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པས་ཐེ་ཝན་གྱི་མདུན་ལམ་ལ་སྔར་ལས་ལྷག་པའི་ཉེན་ཀ་ཞིག་འཕྲད་ཀྱིན་འདུག ང་ཚོར་དམག་གི་སྟོབས་ཤུགས་ཆེན་པོ་མེད་ཀྱང་དམངས་གཙོའི་ཐབས་ལམ་བརྒྱུད་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ། ཐེ་ཝན་གཞུང་གིས་སྔར་བཞིན་མཚོ་འགག་ཕྱོགས་གཉིས་ཀྱི་གནས་བབ་སོར་སྐྱོང་བྱས་ནས་འདུག་ཐབས་མེད་ཅེས་ནན་བརྗོད་བྱས་ཡོད་པ་རེད། ༢༠༡༦་ལོར་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་ཚཱེ་དབྱིན་ཝེན་གྱིས་སྲིད་དབང་བཟུང་ནས་བཟུང་། རྒྱ་ནག་གིས་ཚོང་ལས་དང་དཔལ་འབྱོར་རོགས་རམ། ཕྱི་འབྲེལ་གྱི་གནོན་ཤུགས་བརྒྱུད་ནས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་ཡར་རྒྱས་བཏང་སྟེ། ད་ལོ་གཅིག་པུར་ལྷོ་ཨ་མི་རི་ཀ་དང་ཨ་ཧྥི་རི་ཀ ཞི་བདེ་རྒྱ་མཚོའི་ནང་དུ་ཆགས་པའི་གླིང་ཕྲན་རྒྱལ་ཁབ་འགའ་ཞིག་གིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་སྐམ་ས་ཆེན་མོར་ཕྱི་འབྲེལ་བཙུགས། ད་དུང་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་དང་སློབ་ཆེན་ཁག བཟོ་ཚོང་ལས་ཁང་ཁག་གི་ཐོ་གཞུང་རེའུ་མིག་ནང་དུ་ཐེ་ཝན་ཞེས་རང་བཙན་རྒྱལ་ཁབ་ཅིག་གི་ས་མིག་སྤྲད་ཡོད་པར་འགྱུར་བ་གཏོང་དགོས། ཁོ་ཚོས་ངེས་པར་དུ་རྒྱ་ནག་གི་ཐེ་ཝན་ཞེས་རེའུ་མིག་ནང་དུ་འགོད་དགོས། གལ་སྲིད་རྒྱ་ནག་གི་ཆ་རྐྱེན་དེར་དང་ལེན་མི་བྱེད་པའི་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ལ་ཚོང་འབྲེལ་གཅོད་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་། ད་ལྟ་རྒྱ་ནག་གཞུང་གིས་འཛམ་གླིང་མི་དམངས་ཀྱི་མིག་ལམ་དང་རྣ་ལམ་དུ་ཐེ་ཝན་ཞེས་པའི་མིང་ཚིག་འདི་མཐོང་ཐོས་མེད་པར་ནག་གསུབ་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG