ངོ་འཕྲད་བདེ་བའི་དྲ་འབྲེལ།

ལི་ཀྲན་ཧྲུ་བྱང་ཀོ་རི་ཡར་བསྐྱོད་འཆར།


༄༅།། རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་གིས་ཁྱབ་བསྒྲགས་བྱས་ལྟར་ན་རྒྱ་ནག་གི་འགོ་ཁྲིད་ཨང་གསུམ་པ་སྟེ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཙོ་ལི་ཀྲན་ཧྲུ་གཟའ་སྤེན་པ་འདིར་བྱང་ཀོ་རི་ཡར་ཕེབས་ཏེ་བྱང་ཀོ་རི་ཡ་དམར་ཤོག་རྒྱལ་ཁབ་བཙུགས་ནས་ལོ་༧༠་ཐམ་པ་འཁོར་པའི་རྒྱལ་སྟོན་དུས་ཆེན་ལ་ཞུགས་འཆར་ཡོད་ཅིང་། ལི་ཀྲན་ཧྲུ་ནི་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་ལག་པ་གཡས་པ་ལྟ་བུའི་མི་ཞིག་ཡིན། ཁོ་པ་སྲིད་འཛིན་ཞིས་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ་ཀྱི་མཚན་གནས་ཐོག་ཏུ་བྱང་ཀོ་རི་ཡར་ཕེབས་ཀྱི་ཡོད་པར་གཞིགས་ན་ཞིས་ཅིན་ཕིང་བྱང་ཀོ་རི་ཡའི་རྒྱལ་སྟོན་དུས་ཆེན་ལ་མཉམ་ཞུགས་བྱ་འཆར་མེད་པའི་བརྡ་ཞིག་བཏང་བ་རེད། ༢༠༡༢་ལོར་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་ལི་ཀྲན་ཧྲུ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཅིག་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་དེར་འགྱུར་རྒྱུ་ཡིན་ཞིང་། ཟླ་བ་སྔོན་མར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཕྱོགས་སུ་རྒྱ་ནག་གིས་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་བྱེད་ཀྱིན་མི་འདུག་ཅེས་སྐྱོན་བརྗོད་བྱས་ཀྱང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་སྲིད་འཛིན་གྱི་སྐྱོན་འཛུགས་དེ་དོན་དངོས་ལ་མི་མཐུན་ཞེས་དགག་པ་བརྒྱབ། ལི་ཧྲན་ཧྲུ་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་ཀྱི་ཡོད་པའི་དུས་སྐབས་འདི་ནི་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་གྲོས་མོལ་འགགས་ནས་བདུན་ཕྲག་སྔོན་མར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་རྒྱུ་རེ་ཞིག་ངང་འཐེན་བྱ་དགོས་པའི་བཀའ་བཏང་བར་མ་ཟད། དེའི་རྗེས་སུ་ཨ་རིའི་རྒྱལ་སྲུང་དྲུང་ཆེས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་མཚམས་འཇོག་བྱ་འཆར་མེད། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་མཉམ་འབྲེལ་དམག་སྦྱོང་བྱ་རྒྱུ་མཚམས་འཇོག་བྱེད་ཆོག་ཅེས་བྱང་ཀོ་རི་ཡར་ཁས་ལེན་བྱས་སོང་ཟེར་གྱི་ཡོད་པ་བདེན་པ་མིན། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པ་ལྷོ་ཀོ་རི་ཡ་དང་ཨ་རིའི་མཉམ་འབྲེལ་དམག་སྦྱོང་ལ་འབྲེལ་བ་མེད་ཅེས་གསར་འགོད་པ་ཚོར་གཏམ་བཤད་བྱས་པའི་མཚམས་སུ་ཁེལ་ཡོད་པས་ལི་ཀྲན་ཧྲུའི་བྱང་ཀོ་རི་ཀོ་རི་ཡའི་འཚམས་གཟིགས་འདིར་ཉམས་ཞིབ་པ་ཚོས་རྟོག་ཞིབ་གཟབ་ནན་བྱེད་ཀྱི་ཡོད་པ་རེད། ལེའོ་ཉིང་སྤྱི་ཚོགས་ཚན་རིག་ཁང་གི་ཀོ་རི་ཡའི་ཉམས་ཞིབ་མཁས་པ་ལུ་ཁྲའོ་ཞེས་པ་ཞིག་གིས་བྱང་ཀོ་རི་ཡའི་རྒྱལ་སྟོན་དུས་ཆེན་ལ་སྲིད་འཛིན་ཞིས་ཅིན་ཕིང་གིས་ལི་ཀྲན་ཧྲུ་གཏོང་གི་ཡོད་པ་ནི་ཞིས་ཅིན་ཕིང་རང་ཉིད་བྱང་ཀོ་རི་ཡའི་རྒྱལ་སྟོན་དུས་ཆེན་ལ་ཕེབས་རྒྱུ་མིན་པ་གསལ་བོར་བསྟན་རུང་པེ་ཅིང་དང་ཕིང་དབྱང་གི་འབྲེལ་བ་ཡར་རྒྱས་འགྲོ་བཞིན་པ་རྒྱུན་འཁྱོངས་བྱ་འདོད་ཡོད་པའི་རྟགས་མཚན་བསྟན་པ་རེད། ད་དུང་ཡང་རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་གཞུང་། བྱང་ཀོ་རི་ཡའི་དམར་ཤོག་ཚོགས་པ་དང་སྲིད་གཞུང་གི་འབྲེལ་བ་གནད་འགག་ཅན་ཞིག་རྩི་བཞིན་ཡོད་པ་མཚོན་ཐུབ། རྒྱ་ནག་གིས་བྱང་ཀོ་རི་ཡར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྲིད་ཇུས་ལའང་འགྱུར་བ་ཐེབས་རྒྱུ་མིན་པའི་རྟགས་མཚན་ཐོན་པ་རེད། བྱང་ཀོ་རི་ཡས་རང་ལ་རྒྱལ་སྤྱིའི་ཐོག་ཏུ་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱེད་ཡོད་པ་རྣམས་རྒྱ་ནག་བརྒྱུད་ནས་ཕྱིར་འཐེན་ཐུབ་པའི་འབད་བརྩོན་བྱ་སྲིད། རྒྱ་ནག་གིས་བྱང་ཀོ་རི་ཡ་གྲོགས་མེད་ཁེར་རྐྱང་དུ་འཇོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་བསྐྱར་ཟློས་མི་འབྱུང་བའི་ནན་སྐུལ་བྱ་སྲིད་ཅེས་བཤད་འདུག

XS
SM
MD
LG