ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཁྲིམས་ཞིབ་པའི་འོས་མི་ཁེ་ཝྭ་ནོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་མི་རི་ཀའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པའི་འོས་མི་རྣམས་སྲིད་འཛིན་གྱིས་འདེམས་བསྐོ་བྱེད་ཀྱི་ཡོད་ཀྱང་དེ་ལ་གྲོས་ཚོགས་གོང་མའི་ཁྲིམས་ཞིབ་ཚོགས་ཆུང་གིས་ཆོག་མཆན་འགོད་དགོས། ཟླ་ཤས་གོང་དུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཨན་ཐོ་ཎི་ཁེ་ཎི་ཌི་བགྲེས་ཡོལ་ལ་ཕེབས་པ་དེའི་ཚབ་ཏུ་བྷ་རེ་ཊི་ཁེ་ཝྭ་ནོ་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པའི་འོས་མིར་བསྐོ་བཞག་བྱས་ཡོད་པས་ཕྱི་ཟླ་༩་ཚེས་༤་དང་ཚེས་༥་གཉིས་ལ་ཨ་རིའི་གྲོས་ཚོགས་གོང་མའི་ཁྲིམས་དོན་ཚོགས་ཆུང་གི་གྲོས་ཚོགས་འཐུས་མི་ཚོས་སྐུ་ཞབས་ཁེ་ཝྭ་ནོའི་ལྟ་བ་དང་ལངས་ཕྱོགས། ཁོང་གིས་མ་འོངས་པར་ཨ་རིའི་རྒྱལ་ཁབ་ཀྱི་རྩ་དོན་གལ་ཆེན་ཁག་ལ་ཐག་གཅོད་ཇི་ལྟར་བྱ་འཆར་ཡོད་མེད་འདྲི་ཞིབ་བྱ་འཆར་ཡོད་ཅིང་། གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྐུ་ཞབས་ཁེ་ཝྭ་ནོ་ལ་ཐད་ཀར་སྐད་ཆ་འདྲི་ཆོག དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོར་ཁྲིམས་ཞིབ་པའི་འོས་མི་དེར་བུད་མེད་ཀྱི་མངལ་ལ་ཆགས་པའི་ཕྲུ་གུ་ལེན་ཆོག་མིན་དང་མཚན་མ་གཅིག་མཐུན་ཅན་གྱི་གཉེན་སྒྲིག སྲིད་འཛིན་གྱི་དབང་ཚད་བཅས་ལ་ལྟ་ཚུལ་ཅི་ཞིག་ཡོད་པ་ཤེས་རྟོགས་ཐུབ་འདོད་ཡོད་ཀྱང་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ལོ་ན་༥༣་ལ་སོན་པའི་བྷེ་རེ་ཊི་ཁེ་ཝྭ་ནོ་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པར་གྲོས་ཚོགས་ཀྱིས་ཆོག་མཆན་འགོད་རྒྱུའི་རེ་བ་འཆང་འདུག གལ་སྲིད་ཨ་རིའི་གྲོས་ཚོགས་གོང་མའི་ཁྲིམས་དོན་ཚོགས་ཆུང་གིས་ཆོག་མཆན་འཐོབ་ན་ཕྱི་ཟླ་༡༠་ཚེས་༡་ནས་ཁྲིམས་ཞིབ་པ་གསར་པ་དེས་ལས་དུས་འགོ་ཚུགས་དགོས། འོན་ཀྱང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཁྲིམས་ཞིབ་པའི་འོས་མི་ཁེ་ཝྭ་ནོ་བཀག་འགོག་བྱ་ཐུབ་པའི་འབད་བརྩོན་དྲག་པོ་བྱ་རྒྱུའི་གྲ་སྒྲིག་ཡོད། བྷེ་རེ་ཊི་ཁེ་ཝྭ་ནོ་ནི་རྙིང་ཞེན་གྱི་ལྟ་བ་མཁྲེགས་འཛིན་ཅན་ཞིག་ཡིན་པ་དང་། གལ་སྲིད་ཁོ་པ་མི་ཚེ་ཧྲིལ་བོར་ལས་གནས་དེར་བསྐོ་བཞག་བྱེད་ན་མ་འོངས་པའི་ཨ་མི་རི་ཀའི་མི་རབས་གསར་པ་རྣམས་རྙིང་ཞེན་མཁྲེགས་འཛིན་ཅན་གྱི་ཆེས་མཐོའི་ཁྲིམས་ཁང་གི་དབང་སྒྱུར་འོག་ཏུ་ཚུད་སྲིད་ཅེས་བློ་འཚབ་བྱེད་ཀྱི་ཡོད་པ་རེད། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཁྲིམས་ཞིབ་པ་ཁེ་ཝྭ་ནོ་སྲིད་འཛིན་ཌོ་ནལ་ཊམ་གྱི་ཕྱོགས་གཏོགས་པ་ཞིག་ཡིན་ཞིང་། ཁོ་པའི་ལྟ་བ་དང་ལངས་ཕྱོགས་རྣམས་སྲིད་འཛིན་ཌོ་ནལ་ཊམ་གྱི་རྙིང་ཞེན་དང་ཕྱོགས་ལྷུང་གི་ལྟ་བར་འདྲ་མཚུངས་རེད་ཅེས་རྩོད་པ་རྒྱག་འཆར་ཡོད་རུང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཁྲིམས་ཞིབ་པའི་འོས་མི་ཁེ་ཝྭ་ནོ་བཏང་སྙོམས་ཅན་དང་ཆབ་སྲིད་ཀྱི་ལྟ་བའི་ཕྱོགས་སུ་མི་ལྷུང་བའི་མི་དྲང་ཚུགས་ཅན་ཞིག་ཡིན་ཞེས་སྒྲུབ་བྱེད་འགོད་འཆར་ཡོད་འདུག གཟའ་ལྷག་པའི་ཉིན་གྲོས་ཚོགས་འཐུས་མི་ཚོས་ཁྲིམས་ཞིབ་པའི་འོས་མི་དེར་འདྲི་ཞིབ་ནན་པོ་བྱས་ནས་༡༩༧༣་ལོར་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་བུད་མེད་ཀྱི་མངལ་ལ་ཆགས་པའི་ཕྲུ་གུ་ལེན་ཆོག་པའི་ཐོབ་ཐང་ཡོད་ཅེས་ཐག་གཅོད་བྱས་ཡོད་པར་ལྟ་ཚུལ་ཅི་ཞིག་ཡོད་མེད་ཤེས་འདོད་ཡོད་པར་མ་ཟད། ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པ་དང་རྙིང་ཞེན་ཅན་ཚོས་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་དེ་ཕྱིར་བསྡུ་བྱ་དགོས། བུད་མེད་ཀྱི་མངལ་ལ་ཆགས་པའི་ཕྲུ་གུ་བླངས་པ་ནི་མི་བསད་པ་དང་ཁྱད་པར་མེད། དེ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་བར་རྒྱབ་འགལ་ཡིན་ཞེས་རྩོད་པ་རྒྱག་གི་ཡོད་ཀྱང་དམངས་གཙོ་ཚོགས་པ་དང་གུ་ཡངས་ཅན་ཚོས་བུད་མེད་ལ་བཙན་གཡེམ་བྱས་ནས་མངལ་ལ་ཕྲུ་གུ་ཆགས་སྲིད། ཕྲུ་གུ་མངལ་ནས་མ་བླངས་ན་ཨ་མའི་ཚེ་སྲོག་ལ་ཉེན་ཀ་འཕྲད་པའི་གནས་ཚུལ་འབྱུང་གི་ཡོད། ཕྲུ་གུ་གསོ་སྐྱོང་མི་ཐུབ་པའི་ཨ་མ་ཁེར་རྐྱང་ཚོར་རང་གི་མངལ་ལ་ཆགས་པའི་ཕྲུ་གུ་དེ་ཟླ་བ་རེ་ཟུང་གི་མཚམས་སུ་ལེན་ཆོག་པའི་ཐོབ་ཐང་ཡོད་པ་རྣམས་རང་སོར་འཇོག་དགོས་ཟེར་གྱི་ཡོད་ཅིང་། ཁྲིམས་ཞིབ་འོས་མི་ཁེ་ཝྭ་ནོས་སྔོན་ཆད་བུད་མེད་ཀྱི་མངལ་ལ་ཆགས་པའི་ཕྲུ་གུ་ལེན་མི་ཆོག སྲིད་འཛིན་གང་ཞིག་གི་ལས་དུས་ཀྱི་རིང་དེར་ནག་ཉེས་བཙུགས་ནས་ཞིབ་འཇུག་བྱེད་པ་དང་ཁྲིམས་ལ་སྦྱོར་མི་ཆོག་ཅེས་ལྟ་བ་དང་ལངས་ཕྱོགས་གསལ་སྟོན་བྱས་འདུག དེང་སྐབས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་དམིགས་བསལ་ཞིབ་འཇུག་པ་རོ་བྷར་ཊི་མུ་ལར་གྱིས་ཞིབ་འཇུག་བྱེད་ཀྱི་ཡོད་པར་བརྟེན། གལ་སྲིད་དམིགས་བསལ་ཞིབ་འཇུག་པས་གྲོས་ཚོགས་ལ་སྲིད་འཛིན་ཌོ་ནལ་ཊམ་ཁྲིམས་ལ་སྦྱོར་དགོས་པའི་ཐག་གཅོད་བྱེད་ཚེ། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་གྲོས་ཚོགས་ཀྱི་ཐག་གཅོད་དེ་ཁྲིམས་མཐུན་ཡིན་མིན་ཞིབ་འཇུག་བྱ་རྒྱུ་ཡིན་ཞིང་། དེར་བརྟེན་སྲིད་འཛིན་ཌོ་ནལ་ཊམ་གྱི་གྱོད་དོན་དང་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པའི་འོས་མི་དེར་འབྲེལ་བ་དམ་ཟབ་འདུག ཁྲིམས་ཞིབ་འོས་མི་ཁེ་ཝྭ་ནོའི་ལོ་རྒྱུས་ལ་བལྟས་ན་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལ་མི་དགའ་བ་དང་སྲིད་གཞུང་གིས་སྒེར་གྱི་བཟོ་ཚོང་ལས་ཁང་ཁག་ལ་རང་དབང་ཆེན་པོ་སྤྲོད་དགོས་པ། ཨ་རིའི་སྤྱི་ཚོགས་སུ་ཡེ་ཤུའི་ཆོས་ལུགས་ཀྱི་ཤུགས་རྐྱེན་དར་ཁྱབ་གཏོང་དགོས་པ་དང་། མཚན་མ་གཅིག་མཐུན་ཅན་གྱི་གཉེན་སྒྲིག་ལ་ངོ་རྒོལ་ཡོད་པའི་ལངས་ཕྱོགས་བཟུང་ཡོད་པས་མ་འོངས་པར་ཡང་ཁྲིམས་ཞིབ་པའི་འོས་མི་ཁེ་ཝྭ་ནོའི་ལྟ་བ་དང་ལངས་ཕྱོགས་ལ་འགྱུར་བ་ཐེབས་སྲིད་པའི་རྟགས་མཚན་མི་མངོན། སྤྱིར་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་ཞིབ་པ་༩་ཡོད་ཀྱང་ད་ལྟ་ཁྲིམས་ཞིབ་པ་༨་ལས་མེད། ཨ་རིའི་གྲོས་ཚོགས་གོང་མས་གང་མགྱོགས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པའི་ས་མིག་ཅིག་སྟོང་པར་ལུས་ཡོད་པ་དེར་མི་ཞིག་བསྐོ་བཞག་བྱ་དགོས་པ་རེད།།

XS
SM
MD
LG