ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉིན་ཤའི་ཁ་ཆེའི་ལྷ་ཁང་བཤིག་མཚམས་བཞག་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱ་ནག་གི་ཉིན་ཤ་ཧོས་རིགས་རང་སྐྱོང་ཁུལ་གྱི་ཐུང་ཞིན་རྫོང་གི་རྒྱ་ཁ་ཆེའམ། ཧོས་ཧེའི་མི་རིགས་འདུས་སྡོད་བྱ་ཡུལ་ཝེ་ཀྲུག་གྲོང་རྡལ་དུ་ལོ་གཅིག་ལྷག་གི་སྔོན་ལ་ཁ་ཆེའི་ལྷ་ཁང་ཞིག་གསར་དུ་བཞེངས། ལོ་འདིར་རྒྱ་ནག་གཞུང་གིས་ཁ་ཆེ་ལྷ་ཁང་དེ་བཙན་གྱིས་བཤིག་དགོས་པའི་བཀའ་བཏང་སྟེ་གཏོར་བཤིག་གཏོང་རྒྱུའི་མགོ་བརྩམས་པ་ནས་བཟུང་སྟེ་ས་གནས་མི་དམངས་ཀྱིས་ཉི་མ་མང་པོར་ངོ་རྒོལ་གྱིས་ལྷ་ཁང་ལ་སྲུང་སྐྱོབ་བྱས་ཤིང་། མཐར་ཉེ་ཆར་སྤྱི་ཟླ་༨་པའི་ཚེས་༡༡་ཉིན་ས་གནས་གཞུང་གིས་ལྷ་ཁང་གཏོར་བཤིག་གཏོང་རྒྱུ་མཚམས་བཞག་སྟེ་མི་དམངས་ལ་གྲོས་མོལ་བྱ་རྒྱུ་ཡིན་ཞེས་ཁས་བླངས། དེ་རིང་གསར་དུ་གནས་ཚུལ་ཐོན་གསལ་ལྟར་ན་ཉིན་ཤ་ཧོས་རིགས་རང་སྐྱོང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་པེ་ཧྲང་ཁྲིན་གྱིས་པེ་ཅིང་དུ་ཚོགས་པའི་གསར་འགོད་ལྷན་ཚོགས་ཤིག་ཏུ་ཟླ་བ་འདིའི་མགོ་སྟོད་དུ་ཁ་ཆེའི་ལྷ་ཁང་དེ་སྲུང་སྐྱོབ་བྱེད་པར་མི་སྟོང་ཕྲག་ལྷག་གིས་ངོ་རྒོལ་བྱས་དོན་ནི་ས་གནས་སྲིད་གཞུང་གིས་ལས་དོན་འཐུས་ཤོར་བཏང་བའི་སྟབས་ཀྱིས་བྱུང་འདུག གནད་དོན་འདི་ཁྲིམས་ལུགས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་ཅེས་གསལ་བསྒྲགས་སྤེལ། ཉིན་ཤ་ཧོས་རིགས་རང་སྐྱོང་ཁུལ་གྱི་དམར་ཕྱོགས་ཚོགས་པས་ཀྱང་ཁ་ཆེའི་ལྷ་ཁང་ལ་རྐྱེན་བྱས་ནས་མི་སྟོང་ཕྲག་བརྒལ་བས་ངོ་རྒོལ་བྱས་པའི་གནས་ཚུལ་དེ་ཡོངས་སུ་ཞི་འཇགས་སུ་ཕྱིན་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག

ད་ལོའི་སྤྱི་ཟླ་༨་པའི་མགོི་སྟོད་དེར་ཉིན་ཤ་ཧོས་རིགས་རང་སྐྱོང་ཁུལ་གྱི་ཐུང་ཞིན་རྫོང་། ཝེ་ཀྲུག་གྲོང་རྡལ་སྲིད་གཞུང་གི་ལས་ཤོག་ཐོག་ཏུ་ཁ་ཆེའི་ལྷ་ཁང་དོ་དམ་ལྷན་ཁང་དང་ལྷ་ཁང་འཛུགས་སྐྲུན་སྡེ་ཁག་གཉིས་ཀྱིས་འབྲེལ་ཡོད་ཚན་པ་ཁག་ལ་དགོས་ངེས་ཀྱི་ཆོག་མཆན་མ་ཞུས་པར་ལྷ་ཁང་འཛུགས་སྐྲུན་བྱས་འདུག བདུན་ཕྲག་གཅིག་གི་ནང་ཚུད་དུ་འབྲེལ་ཡོད་ཀྱི་ཚན་པ་ཁག་གིས་ཁྲིམས་ལུགས་ལྟར་ལྷ་ཁང་འདི་བཤིག་དགོས། གལ་སྲིད་ལྷ་ཁང་རྩ་བཤིག་གི་ལས་དོན་ལ་འགོག་རྐྱེན་རྒྱག་མཁན་བྱུང་ན་མཇུག་འབྲས་ཅི་བྱུང་དོ་བདག་སོ་སོས་འགན་འཁྲི་ལེན་དགོས་ཞེས་་བཀའ་བཏང་མོད། འོན་ཀྱང་སྐབས་དེར་ས་གནས་མི་དམངས་ཀྱིས་གསར་འགོད་པར་བརྗོད་དོན་ལྟར་ན་ལྷ་ཁང་དེ་ཐོག་མར་འཛུགས་སྐྲུན་བྱས་པའི་སྐབས་སུ་ཁྲིམས་མཐུན་གྱི་འགྲོ་ལུགས་ཆ་ཚང་བརྒྱུད་ཡོད་པར་མ་ཟད། ས་གནས་སྲིད་གཞུང་གིས་སྤྱི་ལོ་༢༠༡༥་ལོའི་ཟླ་བ་༣་པའི་ནང་དུ་ཐུང་ཞུན་རྫོང་གི་ཆོས་ལུགས་ལས་དོན་ལྷན་ཁང་ལ་ལྷ་ཁང་དེ་བསྐྱར་གསོ་བྱ་རྒྱུའི་སྙན་ཞུ་ཕུལ་ཡོད་པའི་ངོ་བཤུས་ཀྱང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཀྲམ་འདུག སྙན་ཞུ་དེར་ལྷ་ཁང་འདི་ནི་ས་གནས་འདིའི་ཆོས་ལུགས་བྱེད་སྒོི་མཐའ་དག་སྤེལ་སའི་ལྟེ་གནས་ཤིག་ཡིན་ཞིང་། ལྷག་པར་དུ་ད་ལྟའི་ཆར་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱ་ཡུལ་གྱི་ས་གནས་གཙོ་བོ་ཞིག་ཡིན་པས་ལྷ་ཁང་འདི་བསྐྱར་གསོ་བྱ་དགོས་པའི་དམིགས་ཡུལ་ནི་ཝེ་ཀྲུག་གྲོང་རྡལ་གྱི་མི་དམངས་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་དང་བློ་བདེ་བག་ཕེབས་སུ་ཕྱག་འཚལ་ཐུབ་པ། སྤྱི་ཚོགས་འཆམ་མཐུན་དང་ཡར་རྒྱས་ཡོང་ཐུབ་པའི་ཆེད་དུ་ཡིན་ཞེས་འཁོད་ཡོད་པ་རེད། ད་ལོའི་སྤྱི་ཟླ་༥་པའི་ནང་དུ་ཉིན་ཤ་ཧོས་རིགས་རང་སྐྱོང་ཁུལ་ཝུ་ཊོང་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་སྙན་ཐོ་ཞིག་བཏོན་ནས་ཝེ་ཀྲུག་གྲོང་རྡལ་གྱི་ཁ་ཆེའི་ལྷ་ཁང་དེར་སྒྲིག་ཁྲིམས་དང་འགལ་བའི་སྒོ་ནས་འཛུགས་སྐྲུན་རྒྱ་སྐྱེད་བྱས་པའི་གནད་དོན་བྱུང་འདུག་ཅིང་། ཐུང་ཞིན་རྫོང་གིས་མི་རིགས་ཆོས་ལུགས་ལས་དོན་ལ་དོ་དམ་ལེགས་པོ་བྱས་མེད་པའི་སྟབས་ཀྱིས་ས་ཁུལ་འདིར་ཡོད་པའི་ཁ་ཆེའི་ལྷ་ཁང་༤་ལ་ཕྱི་རྒྱལ་གྱི་རོགས་དངུལ་ཨ་སྒོར་ས་ཡ་གཅིག་དང་ཁྲི་བདུན་ཐོབ་འདུག་ཅེས་སྐྱོན་འཛུགས་བྱས་ཀྱང་ས་གནས་མི་དམངས་ཀྱིས་ལྷ་ཁང་འདི་ནི་མི་དམངས་ཀྱིས་དཀའ་ལས་བརྒྱབ་ནས་བསགས་པའི་དངུལ་སྒོར་འགྲོ་སོང་བཏང་སྟེ་བཞེངས་པ་ཞིག་ཡིན་ཞེས་སྐྱོན་འཛུགས་དེར་དགག་པ་བརྒྱབ། སྐབས་དེར་ས་གནས་དེའི་མི་ཞིག་གིས་པོད་འཕྲིན་དུ་ང་ཚོས་ལྷ་ཁང་འདི་ལོ་༢་ཀྱི་རིང་ལ་འཛུགས་སྐྲུན་བྱས་པའི་རིང་དུ་གཞུང་གི་འགོ་ཁྲིད་མང་པོ་ཞིག་འདིར་ཕེབས་ནས་གཏམ་བཤད་བྱས་མྱོང་ཡོད། མི་གཅིག་གིས་ཀྱང་མི་འགྲིག་པའི་སྐད་ཆ་བཤད་མ་སོང་། ཅིའི་ཕྱིར་ད་ལྟ་ལྷ་ཁང་འཛུགས་སྐྲུན་ལེགས་གྲུབ་བྱུང་ནས་ལོ་གཅིག་འགོར་པའི་རྗེས་སུ་ད་གཟོད་གཏོར་བཤིག་གཏོང་དགོས་པ་རེད་དམ། འདི་ལ་གནས་ལུགས་ཤིག་མི་འདུག་ཅེས་བཀོད། འདས་པའི་སྤྱི་ཟླ་༨་པའི་ཚེས་༩་དང་ཚེས་༡༠་གཉིས་ལ་རྒྱ་ཁ་ཆེ་༡༠༠༠་ལྷག་ཁ་ཆེ་ལྷ་ཁང་དེའི་མདུན་དུ་འཛོམས་ནས་ཀྲུང་གུང་གུང་ཁྲན་ཏང་གི་འགོ་ཁྲིད་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་སོགས་ཀྱི་འབོད་ཚིག་བསྒྲགས་ཏེ་སྲིད་གཞུང་གིས་ཁ་ཆེའི་ལྷ་ཁང་འདི་གཏོར་བཤིག་མི་གཏོང་བའི་འབོད་སྐུལ་ཞུས་པས་གནས་སྐབས་རིང་ལྷ་ཁང་འདི་གཏོར་བཤིག་བྱ་རྒྱུ་མཚམས་འཇོག་བྱས་འདུག ས་གནས་དེའི་མི་ཞིག་གིས་གསར་འགྱུར་བརྒྱུད་ལམ་དུ་ཁ་ཆེ་ལྷ་ཁང་འདི་ནི་ས་གནས་མི་དམངས་ཀྱིས་ཞལ་འདེབས་ཕུལ་ནས་འཛུགས་སྐྲུན་བྱས་པ་ཞིག་ཡིན། ད་སྔ་ལྷ་ཁང་འདིར་ཕྱག་འཚལ་ནས་ཆོས་ལུགས་ཀྱི་ཆོ་ག་སྒྲུབ་མཁན་མི་གྲངས་ཁྲི་༣་ལྷག་ཡོད་ཅེས་བཀོད་དོ།།

XS
SM
MD
LG