ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨང་སན་སུ་ཇི་དགོངས་པ་ཞུ་དགོས།


༄༅།། ད་ལྟ་འཕོ་འགྱུར་འགྲོ་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་གྱིས་སྔ་ལོ་འབར་མའི་གཞུང་གིས་རྒྱལ་ཁབ་དེའི་རོ་ཧིན་གྷ་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་རང་ཁྱིམ་ནས་ཕྱིར་ཕུད་བཏང་སྟེ་མི་གསོད་ཁྲོག་སྦྱོར་དང་མི་རིགས་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་བ་དང་། ཡིན་ནའང་སྐབས་དེར་འབར་མའི་འགོ་ཁྲིད་ཨང་སན་སུ་ཇིས་ཅི་ཡང་མ་བཤད་པར་འབར་མའི་དམག་ལ་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་ཁྱིམ་མཚེས་རྒྱལ་ཁབ་བྷང་ག་ལར་མཐར་སྐྲོད་གཏོང་དུ་བཅུག་ཅིང་། ཨང་སན་སུ་ཇིས་འབར་མའི་དམག་ལ་ལན་ཁག་དཀྲི་རྒྱུའི་ཚབ་ཏུ་རང་གི་ལས་གནས་ནས་དགོངས་པ་ཞུས་ནས་སླར་ཡང་བཟང་བཙོན་དུ་བཞུགས་ཏེ་འབར་མའི་དམག་གི་བྱས་ཉེས་དེར་ངོ་རྒོལ་བྱ་དགོས་ཞེས་ནན་བརྗོད་བྱས་འདུག

གཟའ་འཁོར་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་སྙན་ཐོ་ཞིག་ཏུ་སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་པ་གྲངས་མང་ཡིན་པའི་འབར་མའི་དམག་གིས་གོ་རིམ་ལྡན་པའི་སྒོ་ནས་འབར་མའི་ཁ་ཆེ་ཚོའི་ཐོག་ཏུ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ཡོད་པ་དེར་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཞིབ་འཇུག་བྱ་དགོས། འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེགས་རྟགས་བཞེས་མཁན་དང་འབར་མའི་དམངས་གཙོའི་དབུ་ཁྲིད་ཨང་སན་སུ་ཇིས་འབར་མའི་དམག་གིས་བཙན་དྲག་བཀོལ་གྱི་ཡོད་པ་བཀག་མི་འདུག་ཅེས་སྐྱོན་འཛུགས་བྱས་ཀྱང་འབར་མའི་གཞུང་གིས་རྒྱལ་ཚོགས་ཀྱི་སྙན་ཐོ་དེར་ངོས་ལེན་བྱེད་ཀྱི་མེད་པ་རེད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ཧུ་སེན་གྱིས་བྷི་བྷི་སི་གསར་འགྱུར་ལས་ཁང་ལ་ཨང་སན་སུ་ཇིར་བཀག་འགོག་བྱེད་ཐུབ་པའི་ནུས་པ་ཡོད། ཁོང་གིས་ཅི་ཡང་མ་བཤད་པར་བསྡད་པའམ། ཡང་ན་རང་གི་ལས་གནས་ནས་དགོངས་པ་ཞུ་ཆོག ཁོང་གིས་འབར་མའི་དམག་གི་མགྲིན་ཚབ་པ་བྱ་དགོས་དོན་མེད། ཁོང་གིས་འདི་ནི་གསར་འགྱུར་ལོག་པ་སྤེལ་པའི་གོ་ལོག་ཆེན་པོ་ཞིག་རེད། གསར་འགྱུར་དེ་དག་དཀྲོག་གཏམ་རེད་ཅེས་འགྲེལ་བཤད་རྒྱག་དགོས་དོན་མེད། ཁོང་གིས་ང་སྤྱི་མཚུངས་ཀྱི་འགོ་ཁྲིད་ཅིག་བྱ་འདོད་ཡོད་ཀྱང་གནས་སྟངས་འདིའི་འོག་ཏུ་བྱ་ཐུབ་ཐབས་མི་འདུག ཁྱེད་ཚོས་ང་སླར་ཡང་འཛིན་བཟུང་བྱེད་ཀྱང་ཆོག ང་བཟང་བཙོན་ལ་བཅུག་ནས་བཀག་ཉར་བྱེད་ཆོག འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་ཡོད་པ་འདིར་ངས་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཆང་ནས་འདུག་ཐུབ་ཐབས་མེད་ཅེས་འགྲེལ་བཤད་རྒྱག་ཆོག་ཆོག་ཡོད་ཀྱང་ཅི་ཡང་མ་བཤད་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག

༡༩༨༩་ནས་༢༠༡༠་བར་དུ་ཨང་སན་སི་ཇི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རང་དབང་གི་འཐབ་རྩོད་ཆེད་དུ་བཙོན་ཁང་དུ་བཅུག ༡༩༩༡་ལོར་ཨང་སན་སུ་ཇིར་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཀྱང་ཉེ་དུས་ཤིག་ནས་རྒྱལ་སྤྱིའི་ཐོག་ཏུ་ཨང་སན་སུ་ཇིར་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲད་པ་ཕྱིར་བསྡུ་བྱ་དགོས་ཞེས་ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་ལ་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་ཅིང་། ད་ལྟ་ལོ་ན་༧༣་ལ་སོན་པའི་ཨང་སན་སུ་ཇི་ལོ་བཅུ་ཕྲག་མང་པོར་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་ཚོས་མིག་དཔེ་བལྟ་ས་དང་རེ་བ་འཆང་ས། ཁོང་གིས་འབར་མའི་དམག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་དཔའ་མོ་ཞིག་ལ་བརྩིས་ཀྱང་སྔ་ལོ་འབར་མའི་དམག་གིས་རོ་ཧིན་གྷ་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་རྩུབ་བཀོལ་པར་ཁ་རྡུང་གཏོང་ཐུབ་མེད་པར་བརྟེན། རྒྱལ་སྤྱིའི་ཐོག་ཏུ་ཨང་སན་སུ་ཇིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལྟ་གྲུབ་ལ་རྩ་འཛིན་བྱེད་ཐུབ་ཀྱི་མེད་ཅེས་སྐྱོན་བརྗོད་བྱ་རྒྱུ་འགོ་ཚུགས། རོ་ཧིན་གྷ་ཞེས་པའི་འབར་མའི་ཁ་ཆེ་གྲངས་ཉུང་མི་རིགས་དེ་ཁྱིམ་མཚེས་རྒྱལ་ཁབ་བྷང་ག་ནས་ཡུལ་སྤོར་གཞིས་ཆགས་སུ་ཡོང་བ་ཞིག་ཡིན་ཞིང་། ཁོ་ཚོ་ས་གནས་དེར་མི་རབས་རེ་ཟུང་ཞིག་བསྡད་ཀྱང་འབར་མའི་སྤྱི་དམངས་ཀྱི་ཐོབ་ཐང་མེད་པ་དང་། ༢༠༡༧་ལོར་འབར་མའི་དམག་གིས་རོ་ཧིན་གྷ་ཁ་ཆེ་འབུམ་༧་ལྷག་ཁྱིམ་མཚེས་རྒྱལ་ཁབ་བྷང་ག་ལར་ཕྱིར་ཕུད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG