ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཧྲིན་ཀྲིན་གྱི་བཟོ་བའི་ཐོབ་ཐང་རྩོད་ལེན་ལས་འགུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་སྔོན་སྤྱི་ཟླ་༧་པའི་ནང་དུ་རྒྱ་ནག་ཧྲིན་ཀྲིན་གྲོང་ཁྱེར་གྱི་ཅ་ཧྲི་ཚན་རྩལ་ཞེས་པའི་བཟོ་ཚོང་ཁང་གི་བཟོ་བ་ཁག་ཅིག་གིས་རང་ངོས་ནས་བཟོ་ཚོགས་ཤིག་འཛུགས་གྲབས་བྱས་པར་བཟོ་ཚོང་ཁང་གིས་བཀག་འགོག་བྱས་པར་མ་ཟད། བཟོ་བ་ཚོར་འཇིགས་སྐུལ་དང་གཅར་རྡུང་བྱས་ནས་མི་འགའ་ཞིག་བཀག་ཉར་བྱས་འདུག དེར་བརྟེན་བཟོ་གྲྭ་དེའི་བཟོ་བ་མང་པོ་ཞིག་མཉམ་དུ་འཛོམས་ནས་སྤྱི་ཟླ་༧་པའི་ཚེས་༢༢་ཉིན་བཟོ་བ་འགོག་ཉར་བྱ་ཡུལ་བཀག་ཉར་ཁང་གི་ཕྱི་ལོགས་སུ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་མགོ་བརྩམས། ད་ལྟའི་བར་དུ་རྒྱ་ནག་གི་སྤྱི་ཚོགས་སུ་ངོ་རྒོལ་ལས་འགུལ་དེ་རྒྱུན་བསྲིངས་ཀྱང་ཉེ་སྔོན་སྤྱི་ཟླ་༨་པའི་ཚེས་༢༤་ཉིན་རྒྱ་གཞུང་གི་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་དེ་བཙན་གྱིས་མཚམས་འཇོག་བྱེད་དུ་བཅུག་ཅིང་། ངོ་རྒོལ་བྱེད་མཁན་གྱི་བཟོ་བ་དང་བཟོ་བའི་རྒྱབ་སྐྱོར་པ་སློབ་ཕྲུག་ཁག་ཅིག་བཅས་བཟུང་། ད་ལྟ་ཁོ་ཚོ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་བྱུང་བར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་རྒྱ་ནག་གི་གཞུང་འབྲེལ་ཞིན་ཧྭ་གསར་འགྱུར་ཁང་ལས་ཁང་གིས་ཧྲིན་ཀྲིན་གྲོང་ཁྱེར་གྱི་ཅ་ཧྲི་ཚན་རྩལ་བཟོ་ཚོང་ཁང་གི་བཟོ་བའི་ངོ་རྒོལ་ལས་འགུལ་དེར་ཕྱིའི་རྒྱལ་ཁབ་ཁག་གི་ཚོགས་པ་དང་སྒྲིག་འཛུགས་སོགས་ཀྱིས་ཐེ་ཇུས་བྱས་ནས་རྒྱབ་སྐྱོར་བྱེད་བཞིན་འདུག་ཅེས་བསྙད་འདོགས་བྱས་མོད། འོན་ཀྱང་ཁ་སང་གཟའ་ཟླ་བའི་ཉིན་ཧོང་ཀོང་གི་བཟོ་བའི་ཐོབ་ཐང་རྩོད་ལེན་པའི་ཚོགས་པ་ཞིག་གིས་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་དུ་ཧྲིན་ཀྲིན་གྱི་བཟོ་བའི་ངོ་རྒོལ་ལ་ཕྱིའི་རྒྱལ་ཁབ་ཀྱི་ཚོགས་པ་ཁག་གིས་རྒྱབ་སྐྱོར་བྱེད་བཞིན་འདུག་ཅེས་སྐྱོན་འཛུགས་བྱས་པར་ཁུངས་ལུང་ཅི་ཡང་མི་འདུག་པས་དེ་ལ་ངོས་ལེན་བྱ་ཐབས་མེད་ཅེས་དགག་པ་བརྒྱབ། བདུན་ཕྲག་སྔོན་མར་པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་མ་སྐོར་ཞིག་དང་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་རྒན་རབས་པ་སྐོར་ཞིག་གིས་ཀྱང་སྔ་རྗེས་སུ་པེ་ཅིང་གི་རྒྱ་ནག་རྒྱལ་ཡོངས་བཟོ་ཚོགས་དང་བུད་མེད་ལྷན་ཚོགས་སོགས་གཞུང་འབྲེལ་གྱི་གནད་ཡོད་ལས་ཁུངས་ཁག་ལ་ཞུ་ཡིག་ཕུལ་ནས་ཧྲིན་ཀྲིན་གྱི་བཟོ་བའི་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་ལ་རྒྱབ་སྐྱོབ་ཐོབ། ངོ་རྒོལ་ལས་འགུལ་འདིའི་འབྱུང་རྐྱེན་ནི་ད་ལོའི་སྤྱི་ཟླ་༥་པའི་ནང་དུ་ཧྲིན་ཀྲིན་གྲོང་ཁྱེར་གྱི་ཅ་ཧྲི་ཚན་རྩལ་ཞེས་པའི་བཟོ་ཚོང་ཁང་གི་བཟོ་བ་ཁག་ཅིག་གིས་སྣེ་ཁྲིད་ནས་བཟོ་བ་རང་ངོས་ནས་བཟོ་ཚོགས་འཛུགས་རྒྱུ་མགོ་བརྩམས། སྤྱི་ཟླ་༧་པའི་ཚེས་༡༦་ཉིན་ནས་བཟོ་ཚོགས་འཛུགས་རྒྱུའི་ལས་དོན་ལ་བཟོ་ཚོང་ཁང་གིས་བཀག་འགོག་བྱས་ནས་བཟོ་བ་ཁ་ཤས་ལ་གཅར་རྡུང་བཏང་སྟེ་བཟོ་ཚོང་ཁང་ནས་ཕྱིར་ཕུད་བཏང་ཞིང་། ཚེས་༢༠་ཉིན་ཁོ་ཚོ་མུ་མཐུད་དུ་ལས་ཚོགས་སུ་ཞུགས་པར་བཟོ་ཚོང་ཁང་གི་བདེ་སྲུང་མི་སྣ་བཅུ་གྲངས་ཤིག་གིས་བཟོ་བ་ཚོ་ལས་ཀར་ཞུགས་དུ་མ་བཅུག་པར་སྐབས་དེར་ཡང་བཟོ་བ་ཞིག་ལ་རྡུང་རྡེག་བཏང་བས་བཟོ་བ་མང་པོ་ཞིག་གིས་ངོ་རྒོལ་བྱས་པ་དང་། རྒྱ་གཞུང་གི་ཉེན་རྟོག་པས་སྔ་རྗེས་སུ་བཟོ་བ་༣༠་ལྷག་འཛིན་བཟུང་བྱས་འདུག ཕྱིས་སུ་རྒྱ་ནག་གི་ཀོང་ཀྲུག་གྲོང་ཁྱེར་ནས་ཆེད་དུ་ཧྲིན་ཀྲིན་གྱི་བཟོ་བ་ཚོར་རྒྱབ་སྐྱོར་བྱེད་པར་བཀག་ཉར་ཁང་གི་སྒོ་འགྲམ་དུ་ཕྱིན་ནས་བཀག་ཉར་འོག་གི་བཟོ་བ་ཚོ་གློད་གྲོལ་གཏོང་དགོས་ཞེས་དགོས་འདུན་བཏོན། སྤྱི་ཟླ་༨་པའི་ཚེས་༦་གི་ཉིན་ཡང་མི་༥༠་ལྷག་ཧྲིན་ཀྲིན་གྱི་བཟོི་བ་བཀག་ཉར་བྱས་ཡོད་པའི་ཡ་ཙི་ལིན་བཀག་ཉར་ཁང་གི་སྒོ་ཁར་འཛོམས་ནས་བཟོ་བར་ནག་ཉེས་མེད། བཟོ་ཚོགས་འཛུགས་པར་ཉེས་པ་མེད་ཅེས་པའི་འཕྲེད་དར་འཕྱར། མི་ལ་གཅར་རྡུང་བྱེད་མཁན་གྱི་ནག་ཚོགས་ལ་རྡུང་རྡེག་ནན་མོ་གཏོང་དགོས། བཟོ་བར་ཉེས་པ་མེད་ཅེས་སྐད་འབོད་བྱས་པ་དང་། བཀག་ཉར་འོག་གི་བཟོ་བ་དང་བཟོ་བའི་རྒྱབ་སྐྱོར་པ་རྣམས་ཆ་རྐྱེན་ཅི་ཡང་མེད་པར་གློད་གྲོལ་གཏོང་དགོས་ཞེས་འབོད་སྐུལ་ཞུས་ཀྱང་རྒྱ་ནག་གཞུང་གིས་མི་མང་གི་མངོན་འདོད་དེར་དང་ལེན་མ་བྱས་པར་མི་ཚོགས་གྲས་ཀྱི་མི་མང་པོ་ཞིག་འཛིན་བཟུང་བྱས་ནས་ལས་འགུལ་འདི་བཙན་གྱིས་མཚམས་འཇོག་བྱེད་དུ་བཅུག་འདུག

XS
SM
MD
LG