ངོ་འཕྲད་བདེ་བའི་དྲ་འབྲེལ།

འཆར་ལྡན་བུ་བཙའི་སྲིད་ཇུས་མེད་པར་གཏོང་སྲིད།


༄༅།། རྒྱ་ནག་གིས་ལོ་བཅུ་ཕྲག་འགའ་ཞིག་ལ་ལག་ལེན་བསྟར་པའི་འཆར་ལྡན་བུ་བཙའི་སྲིད་ཇུས་མེད་པར་གཏོང་རྒྱུའི་རྟགས་མཚན་འགའ་ཞིག་བསྟན་ཡོད་པ་སྟེ། རྒྱ་ནག་གི་གཞུང་གཉེར་གསར་ཤོག་ཅིག་གིས་སྤྱི་ཚོགས་དྲྭ་རྒྱའི་ནང་དུ་གནས་ཚུལ་སྤེལ་པ་ལྟར་ན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་རྣམ་པའི་གྲོས་བསྡུར་སྐབས་སུ་སྤྱི་དམངས་རྩ་ཚིག་གི་ཟིན་བྲིས་ནང་དུ་འཆར་ལྡན་བུ་བཙའ་ཞེས་པའི་དོན་ཚན་བཀོད་མེད་ཅིང་། དེར་བརྟེན་སྤྱི་ལོ་༢༠༢༠་ཡས་མས་ནས་རྒྱ་ནག་གཞུང་གིས་འཆར་ལྡན་བུ་བཙའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཚམས་འཇོག་བྱ་སྲིད་ཅེས་གནས་ཚུལ་སྤེལ་འདུག

༡༩༧༩་ནས་རྒྱ་ནག་གཞུང་གིས་ཁྱོ་ཤུག་ཟུང་ལ་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་པས་རྒྱ་ནག་ལ་རྒན་རྒོན་གྱི་མི་གྲངས་ཇེ་མང་དུ་ཕྱིན་པ་དང་གསར་སྐྱེས་ཀྱི་མི་གྲངས་ཉུང་དུ་སོང་། རྒྱ་ནག་གི་ཁྱིམ་ཚང་གཅིག་གི་བཟའ་ཚང་གཉིས་ལ་ཕ་མ་རྒན་རྒོན་བཞི་དང་བུ་ཕྲུག་གསོ་སྐྱོང་བྱ་དགོས་པའི་ལས་འགན་ཡོད་པར་མ་ཟད། རྒྱ་ནག་གི་སྤྱི་ཚོགས་སུ་བུ་ཕྲུག་གི་སློབ་ཡོན་མཐོ་དྲགས་པ་དང་བུ་ཕྲུག་སྐྱེད་སྲིང་ལ་འགྲོ་གྲོན་ཆེ་བ། རྒྱ་ནག་གི་སྤྱི་ཚོགས་འཕེལ་རྒྱས་ཀྱི་མྱུར་སྟབས་དང་ལས་ཀའི་འགྲན་རྩོད་ཀྱི་གནོན་ཤུགས་འོག་ཏུ་ན་གཞོན་བཟའ་ཚང་རྣམས་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པས་༢༠༡༦་ལོར་རྒྱ་ནག་གཞུང་གིས་བཟའ་ཚང་རེར་ཕྲུ་གུ་གཉིས་རེ་སྐྱེ་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་རུང་། རྒྱ་ནག་གི་གསར་སྐྱེས་ཀྱི་མི་གྲངས་འཕེལ་རྒྱས་དང་ན་གཞོན་བཟའ་ཚོ་རྣམས་ལ་ཕ་མ་རྒན་རྒོན་གསོ་དགོས་པའི་དཀའ་ངལ་ཆེན་པོ་ཡོད་པར་ཁྱད་པར་ཐོན་མེད་པ་རེད། ད་ལྟ་ཟིན་བྲིས་བཏབ་ཡོད་པའི་སྤྱི་དམངས་རྩ་ཚིག་དེར་ཟླ་བ་གཅིག་གི་རིང་དུ་མང་ཚོགས་ལ་བསམ་བློ་གཏོང་རྒྱུའི་དུས་ཚོད་སྤྲོད་རྒྱུ་དང་། བཟའ་ཚང་ཁ་འཐོར་བྱ་འཆར་ཡོད་པ་དེ་དག་ལ་བསྐྱར་དུ་བསམ་ཞིབ་བྱེད་དུ་འཇུག་པའི་གོ་སྐབས་སྤྲོད་རྒྱུ། ༢༠༢༠་ལོའི་ཕྱི་ཟླ་༣་པའི་ནང་སྤྱི་དམངས་རྩ་ཚིག་དེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་འབུལ་ལམ་ཞུས་ནས་བཅའ་ཁྲིམས་སུ་གཏན་འབེབས་བྱེད་དུ་འཇུག་འཆར་ཡོད་པ་རེད།།

ཉེ་ཆར་རྒྱ་ནག་གཞུང་གིས་ལོ་རྗེས་མ་སྟེ། ཕག་གི་ལོར་འགྲེམ་སྤེལ་བྱ་འཆར་ཡོད་པའི་སྦྲག་རྟགས་ཀྱི་སྟེང་དུ་འཛུམ་མདངས་འཕྲོས་པའི་ཕག་རྒན་གཉིས་ལ་ཕག་ཕྲུག་གསུམ་གྱིས་མཐའ་བསྐོར་ཡོད་པ་ཞིག་དཔར་དུ་བསྐྲུན་ཡོད་པ་དེ་ལ་བལྟས་ཚེ། རྒྱ་ནག་གཞུང་གིས་འཆར་ལྡན་བུ་བཙའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཚམས་འཇོག་བྱ་རྒྱུའི་སྔོན་བརྡ་བཏང་བ་ཞིག་ཡིན་སྲིད། ད་དུང་རྒྱ་ནག་གི་ཉམས་ཞིབ་པ་ཁག་ཅིག་གིས་ཕྲུ་གུ་གཉིས་ལས་ཉུང་བ་སྐྱེས་པའི་བཟའ་ཚང་ཚོར་སྲིད་གཞུང་གིས་དངུལ་སྒོར་ཆད་པ་གཅོད་དགོས་ཞེས་དྲྭ་ལམ་དུ་གྲོས་གཞི་བཏོན་ཡོད་པར་རྒྱ་ནག་གི་སྤྱི་ཚོགས་སུ་བསམ་ཚུལ་དེར་སྐྱོན་བརྗོད་དྲག་པོ་ཕོག་འདུག

XS
SM
MD
LG