ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཇཱོན་མཱེ་ཁན་དང་ཆབ་སྲིད་ཀྱི་ལག་རྗེས།


༄༅།། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱོན་མཱེ་ཁན་ལ་ཀླད་སྐྲན་གྱི་སྙུང་ཕོག་ནས་༢༠༡༨་ལོའི་སྤྱི་ཟླ་༧་ཚེས་༢༥་ཉིན་དགུང་ལོ་༨༡་གི་ཐོག་ཏུ་འདས་གྲོངས་སུ་གྱུར། ཨ་མི་རི་ཀ་བ་མང་པོ་ཞིག་ལ་དམ་པ་དེ་ཉིད་བཅོས་མིན་གྱི་རྒྱལ་གཅེས་དཔའ་བོ་ཞིག་ཡིན་པའི་བག་ཆགས་བཞག གྲོས་ཚོགས་འཐུས་མི་ཇཱོན་མཱེ་ཁན་དམ་པ་དེའི་ཕ་མེས་ཟུང་གིས་ཨ་མི་རི་ཀའི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པས་ཐུགས་འགན་བཞེས། དུས་རབས་སྔོན་མའི་ལོ་རབས་༦༠་ནང་དུ་ཨ་མི་རི་ཀས་ཝི་ཏེ་ནམ་ལ་དམག་འཁྲུག་བརྒྱབ་པའི་དུས་སུ་ཇཱོན་མཱེ་ཁན་ཨ་མི་རི་ཀའི་གནམ་དམག་གི་ཁ་ལོ་བ་ཞིག་ཡིན་ཞིང་།

​ཁོང་གི་གནམ་གྲུ་དེར་གཏོར་རྒོལ་ཕོག་ནས་ཝི་ཏེ་ནམ་གྱི་བྱང་ཕྱོགས་སུ་ལྷུང་བས་ལོ་ལྔ་དང་ཕྱེད་ཀར་བཙོན་དུ་ཚུད་ནས་མནར་གཅོད་དྲག་པོ་མྱངས། ཇཱོན་མཱེ་ཁན་གྱི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་ཨ་མི་རི་ཀའི་དམག་གི་བཙོན་པ་ཚོར་སེམས་སྐུལ་ཐེབས། བཙོན་ཁང་དུ་མནར་གཅོད་དྲག་པོ་ཕོག་པའི་སྟབས་ཀྱིས་ཇཱོན་མཱེ་ཁན་གྱི་མི་ཚེ་ཧྲིལ་བོར་ལག་པ་གཅིག་ཡར་འགྱོག་རྒྱུ་མེད་པར་གྱུར། ཝི་ཏེ་ནམ་གྱི་དམར་ཤོག་གཞུང་གིས་ཇཱོན་མཱེ་ཁན་གློད་གྲོལ་གཏོང་ཆོག་ཅེས་དྲིལ་བསྒྲགས་ཀྱི་ངན་ཇུས་ཤིག་བཤམས་པར་དོ་བདག་གིས་མ་མཉན་པར་ཨ་མི་རི་ཀའི་དམག་གི་བཙོན་པ་ཚོའི་མཉམ་དུ་སྐྱིད་སྡུག་མཉམ་མྱོང་གི་དཔེ་བཟང་པོ་ཞིག་བསྟན།།

ཇཱོན་མཱེ་ཁན་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་དང་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་གྱི་འོས་མིར་ལངས་ནས་སྲོལ་རྒྱུན་གྱི་རྒྱལ་གཅེས་ལྟ་བ་དང་སྒམ་རླུང་གི་རང་བཙན་ལྟ་བ་ཞིག་ཟུང་དུ་སྦྲེལ་ནས་སྲི་ཞུ་བསྒྲུབས། ཨ་མི་རི་ཀའི་རྙིང་ཞེན་ཅན་གྱི་གསར་འགོད་པ་ཝི་ལིམ་བྷག་ལེ་ཞེས་པ་ཞིག་གིས་ཇཱོན་མཱེ་ཁན་ནི་ལྟ་བ་དང་ཡིད་ཆེས་ཀྱི་ཆ་ནས་རྙིང་ཞེན་ཅན་ཞིག་ཡིན་རུང་རྙིང་ཞེན་གྱི་ལྟ་བ་རྩ་འཛིན་བྱས་ནས་ལས་འགུལ་སྤེལ་མཁན་ཞིག་མ་རེད་ཅེས་སྡོམ་ཚིག་བརྒྱབ། ༢༠༠༨་ཀྱི་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་འགྲན་ཡ་སྟེ། མཐར་ཐུག་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་མཁན་བྷ་རཀ་ཨོ་བྷ་མས་གྲོས་ཚོགས་འཐུས་མི་ཇཱོན་མཱེ་ཁན་ལ་ཀླད་སྐྲན་ཕོག་ཡོད་པ་ཐོས་འཕྲད་དུ་ཀླད་སྐྲན་གྱིས་སུ་ཞིག་ལ་ཁ་གཏད་གཅོག་གི་ཡོད་པ་ཤེས་ཀྱིན་མེད་པ་འདྲ་ཞེས་ཇཱོན་མཱེ་ཁན་གྱི་དཔའ་མཛངས་སྙིང་སྟོབས་ལ་དཔྱད་བརྗོད་སྤེལ། ཨ་མི་རི་ཀའི་སྤྱི་ཚོགས་སུ་ཇཱོན་མཱེ་ཁན་ནི་དམག་འཁྲུག་གི་དཔའ་བོ་ཞིག་ཡིན་པར་ཡོངས་གྲགས་སུ་ངོས་ལེན་ཡོད་མོད། འོན་ཀྱང་ཝི་ཏེ་ནམ་གྱི་དམག་འཁྲུག་ལ་གཡོལ་ནས་མ་ཞུགས་པ་དང་ཨ་རིའི་སྲིད་འཛིན་ལས་ཐོག་ཌོ་ནལ་ཊོམ་གཅིག་པུས་ཇཱོན་མཱེ་ཁན་དམག་འཁྲུག་གི་དཔའ་བོ་ཞིག་མ་རེད། ཁོ་པར་དམག་འཁྲུག་གི་དཔའ་བོ་ཞེས་འབོད་ཀྱི་ཡོད་པ་འཛིན་བཟུང་ཐེབས་པའི་སྟབས་ཀྱི་རེད་ཅེས་དགག་པ་བརྒྱབ།།

Sen. John McCain
Sen. John McCain

​༡༩༨༦་ལོར་ཇཱོན་མཱེ་ཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིར་འདེམས་ཐོན་བྱུང་སྟེ་སྲིད་དོན་ཚོགས་པའི་ཕྱོགས་སུ་མ་ལྷུང་བར་རང་བཙན་གྱི་ལྟ་བ་ཞིག་བཟུང་ནས་སྙན་གྲགས་རྒྱས། ༢༠༠༤་ལོར་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོན་ཁེ་རིས་གྲོས་ཚོགས་འཐུས་མི་ཇཱོན་མཱེ་ཁན་ལ་སྲིད་འཛིན་གཞོན་པའི་གོ་གནས་ཕུལ་ཏེ་འོས་འདེམས་ལ་འགྲན་ཞུགས་བྱ་དགོས་པའི་གྲོས་གཞི་བཏོན་རུང་ཇཱོན་མཱེ་ཁན་གྱིས་ང་ནི་མིའི་ཚེ་སྲོག་ལ་གཅེས་སུ་འཛིན་པའི་མཁྲེགས་འཛིན་རྙིང་ཞེན་ཅན་ཞིག་དང་རང་དབང་ཚོང་ལས་གཉེར་དགོས་པའི་གུ་ཡངས་ཀྱི་ལྟ་བ་འཛིན་པའི་སྤྱི་མཐུན་རིང་ལུགས་པ་ཞིག་ཡིན་ཞེས་ལན་བཏབ་ནས་ཇཱོན་ཁེ་རིའི་རེ་འདོད་མ་བསྐངས། ༢༠༠༠་ལོར་ཇཱོན་མཱེ་ཁན་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཞུགས་པར་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་སྡུར་ལ་ཞུགས་ཀྱང་ལོ་དེར་འཇོར་ཇི་ཌབ་ལུ་བྷུ་ཤི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་བདམས། ༢༠༠༨་ལོར་ཇཱོན་མཱེ་ཁན་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་དངོས་སུ་བདམས་ཀྱང་ལོ་དེར་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་བྷ་རཀ་ཨོ་བྷ་མར་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ། སྲིད་དོན་ཉམས་ཞིབ་པ་མང་པོ་ཞིག་གིས་ཇཱོན་མཱེ་ཁན་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་མ་ཐོབ་དོན་ནི་སྲིད་འཛིན་གཞོན་པའི་འོས་མིར་ཨ་ལ་སི་ཀ་མངའ་སྡེའི་སྤྱི་ཁྱབ་པ་སེ་ར་ཕེ་ལིན་བདམས་པ་དེས་སྐྱོན་བརྒྱབ་པ་རེད་ཅེས་གླེང་རུང་ཇཱོན་མཱེ་ཁན་གྱིས་གཏན་ནས་རང་གི་ལས་རོགས་བདམས་སྟངས་ནོར་འདུག་ཅེས་སྐད་ཆ་ཚིག་ཅིག་གླེང་མྱོང་མེད་པ་རེད།།

ཇཱོན་མཱེ་ཁན་ནི་ཨ་རིའི་ཛོ་ན་མངའ་སྡེའི་འཐུས་མི་ཡིན་པ་དང་མངའ་སྡེ་དེའི་མི་དམངས་ཀྱི་རྒྱབ་སྐྱོར་མེད་ཀྱང་དམ་པ་དེས་མེ་མདའ་བཀག་སྡོམ་དང་ཕྱི་མི་ཡུལ་སྤོར་པ་རྣམས་ལ་ཁྲིམས་མཐུན་ཐོབ་ཐང་སྤྲོད་རྒྱུ། སྲིད་འཛིན་འཇོར་ཇི་བྷུ་ཤིའི་གཞུང་གིས་འཇིགས་སྐུལ་རིང་ལུགས་པ་རྣམས་གྷོན་ཊ་ན་མོ་མཚོ་ཁུག་ཏུ་བཙོན་ལ་བཅུག་པར་སྐྱོན་བརྗོད། ཁོང་གིས་དགོས་མཁོ་བྱུང་ན་ཨ་མི་རི་ཀའི་དམག་དཔུང་རྣམས་ལོ་བརྒྱ་ཐམ་པར་འགྲེམ་འཇོག་བྱ་དགོས་ཀྱང་ཁྱད་པར་མེད་ཅེས་ཨི་རཀ་གི་དམག་འཁྲུག་ལ་རྒྱབ་སྐྱོར་བྱས་ཀྱང་དགོས་ངེས་མེད་པར་ཨ་མི་རི་ཀའི་དམག་དཔུང་རྣམས་ཨི་རཀ་གི་ས་ཐོག་ཏུ་དུས་ཚོད་ཕར་འགྱངས་བྱས་ནས་འགྲེམ་འཇོག་བྱ་རྒྱུ་དེར་ཇཱོན་མཱེ་ཁན་གྱིས་ངོ་རྒོལ་བྱས་འདུག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིའི་ལས་འགན་བཞེས་པའི་རིང་དེར་ཇཱོན་མཱེ་ཁན་གྱིས་སྒེར་པ་ཁག་དང་བཟོ་ཚོང་ལས་ཁང་ཁག་གིས་གྲོས་ཚོགས་འཐུས་མི་རྣམས་ལ་འོས་འདེམས་ལས་འགུལ་གྱི་དྲིལ་བསྒྲགས་འགྲོ་གྲོན་སྤྲད་ནས་ཨ་མི་རི་ཀའི་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པར་ཚོད་འཛིན་བྱ་དགྲོས་པའི་གྲོས་ཆོད་བཞག ཨ་མི་རི་ཀ་ཕྱི་རྒྱལ་གྱི་རྡོ་སྣུམ་ལ་བརྟེན་མི་དགོས་པར་རང་ཁ་རང་གསོ་ཐུབ་དགོས་པའི་གྲོས་ཆོད་བཞག་པ་དང་ཨ་མི་རི་ཀའི་མི་དམངས་ཀྱི་བདེ་སྡུག་དང་རྒྱལ་ཁབ་ཀྱི་རྩ་དོན་གནད་འགག་ཅན་ལ་ཐུག་ན་ཇཱོན་མཱེ་ཁན་གྱིས་སྤྱི་མཐུན་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་ལ་རྒྱབ་འགལ་གྱིས་ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་མཉམ་དུ་འོས་ཤོག་འཕངས་མྱོང་ཡོད་ཅིང་། ༢༠༠༨་ཀྱི་སྲིད་འཛིན་འོས་འདེམས་ལ་ཉི་མ་དྲུག་ལས་མེད་པའི་སྐབས་དེར་ཨ་མི་རི་ཀའི་བུད་མེད་ཅིག་གིས་ང་བྷ་རཀ་ཨོ་བྷ་མར་ཡིད་ཆེས་མེད། ཁོ་པ་ཁ་ཆེ་ཞིག་རེད་ཅེས་སྐྱོན་འཛུགས་བྱས་ནས་ཚིག་མཇུག་རྫོགས་གོང་དུ་ཇཱོན་མཱེ་ཁན་གྱིས་མགོ་བོ་འཕྲེད་དུ་གཡུགས་ནས་བུད་མེད་དེའི་ལག་གི་རྒྱང་བསྒྲགས་ཁ་པར་བླངས་ནས་དེ་མ་རེད། ཁོང་ནི་ཁྱིམ་ཚང་སྐྱོང་བའི་མི་ཚུལ་མཐུན་ཞིག་དང་སྤྱི་དམངས་བཟང་པོ་ཞིག་རེད། ངེད་གཉིས་ཀྱི་འགྲན་རྩོད་བྱེད་ཀྱི་ཡོད་པ་རྩ་བའི་ཆ་ནས་ལྟ་བ་དང་ལངས་ཕྱོགས་མཐུན་གྱི་མེད་པའི་ཁྱད་པར་ཞིག་ལས་ཅི་ཡང་མིན་ཞེས་བུད་མེད་དེས་མི་རིགས་ཀྱི་འབྱུང་རྩའི་ཐོག་ཏུ་ཨོ་བྷ་མར་སྐྱོན་བརྗོད་བྱས་པར་དགག་པ་བརྒྱབ། ཐ་ན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་སྡུག་ཏུ་བཏང་ནས་ཨ་མི་རི་ཀས་ལོ་བཅུ་ཕྲག་མང་པོར་རྩ་འཛིན་བྱས་པའི་ཕྱི་སྲིད་དེར་ངེས་གཏན་མེད་པར་གྱུར་པ་དང་། ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་སྔར་བཞིན་ཨ་མི་རི་ཀར་བློ་གཏོད་ཐུབ་རྒྱུ་ཡིན་མིན་ལ་ཡིད་གཉིས་ཐེ་ཚོམ་གྱི་གནས་སུ་ལྷུང་བའི་སྐབས་སུའང་ཇཱོན་མཱེ་ཁན་གྱིས་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ན་གཞོན་རྣམས་ཀྱི་སྣེ་ཁྲིད་ནས་རྒྱལ་ཁབ་༢༠་ལྷག་ལ་འཚམས་འདྲིར་ཕེབས། ཁོང་གིས་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀའི་ལྟ་བ་དང་ལངས་ཕྱོགས་ལ་གཞི་རྩའི་ཆ་ནས་འགྱུར་བ་ཐེབས་མི་སྲིད། ཨ་རི་གྲོས་ཚོགས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་གི་རྒྱབ་ཏུ་ལངས་ཡོད། གྲོས་ཚོགས་ཀྱི་བཀའ་འཁྲོལ་མེད་པར་ཨ་རིའི་གཞུང་གིས་ཕྱི་སྲིད་ལ་འགྱུར་བ་གཏོང་ཆོག་ཆོག་ཅིག་མེད་ཅེས་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་བློ་སེམས་བདེ་རུ་བཀོད། མདོར་ན་ཇཱོན་མཱེ་ཁན་ཞེས་པའི་མཚན་དེ་ཐོས་དུས་ཨ་མི་རི་ཀ་དང་རྒྱལ་སྤྱིའི་ཐོག་ཏུ་སྐྱེ་བོ་དྲང་ཚུགས་ཅན་དང་བློ་སྟོབས་ཅན། ཨ་མི་རི་ཀའི་གཉེན་དང་གྲོགས་ཀྱི་རིགས་ལ་ཕྱི་ཐག་རིང་བའི་མི་ཞིག་ཡིན་པའི་ལྟ་ཚུལ་བཟུང་ཡོད་པར་མ་ཟད། དམ་པ་དེ་ཉིད་འདས་གྲོངས་སུ་གྱུར་པར་རྒྱལ་ཁབ་ཕྱི་ནང་གཉིས་སུ་མྱ་ངན་དང་རྗེས་དྲན་ཞུ་བཞིན་འདུག་གོ

XS
SM
MD
LG