ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

གཡུང་དྲུང་བོན་གྱི་བླ་ཆེན་ཞིག་སྐུ་གྲོངས་འདུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།།དེ་རིང་སྤྱི་ཟླ་བརྒྱད་པའི་ཚེས་༢༢་ཉིན་རེབ་གོང་བོན་བརྒྱ་དགོན་དང་བོན་མང་འདུས་སྤྱི་ནས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་དུ། གཡུང་དྲུང་བོན་གྱི་བླ་ཆེན་མཁས་གྲུབ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོ་མཆོག་ཧོར་ཟླ་བདུན་པའི་ཚེས་༦་སྟེ་སྤྱི་ཟླ་བརྒྱད་པའི་ཚེས་༡༦་གི་མཚན་གྱི་ཆུ་ཚོད་༡༡་སྟེང་དགོངས་པ་བོན་དབྱིངས་སུ་གཟིམས་པའི་གནས་ཚུལ་བཀོད་འདུག བླ་མ་ཁོང་དགོངས་པ་རྫོགས་ནས་ད་ལྟའི་བར་ཉིན་དྲུག་གི་རིང་གསང་རྒྱ་བྱས་ཡོད་པ་དང་། གསང་རྒྱ་བྱེད་དགོས་པའི་རྒྱུ་མཚན་ཡང་བླ་མ་ཁོང་གི་ཐུགས་སྲས་ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་དང་། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན། བྱང་སྟོན་དྲི་མེད་ཉི་མ་དང་། སྐྱབས་རྗེ་ཁོང་གི་ཐུགས་སྲས་གང་མང་ཞིག་གིས་གསལ་འདེབས་ཀྱི་ཚུལ་དུ་བླ་མའི་རྣལ་འབྱོར་དང་། ཚེ་དབང་བོད་ཡུལ་མ་སོགས་ལ་བརྩོན་ལེན་གནད་སྨིན་བསྒྲུབས་ནས་བླ་མ་རིན་པོ་ཆེ་ཚང་གི་དགོངས་བཞེད་ཇི་བཞིན་དུ་གསང་རྒྱ་དམ་པོར་བསྲུང་བ་ཡིན། ཧོར་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་གྱི་ཞོགས་པ་ནས་གསང་རྒྱའི་རིམ་པ་གྲོལ་ཏེ་ཀུན་ལ་ཁྱབ་བསྒྲགས་བྱས་པ་ཡིན་པས་སྡིག་སྤོང་དགེ་སྒྲུབ་དང་ཚོགས་བསགས་ཉམས་ལེན་གྱི་རིམ་པ་ལ་ཅི་ནུས་ཀྱིས་འབད་པར་འཚལ་ཞེས་བླ་མ་ཁོང་གི་བཞུགས་སའི་རེབ་གོང་བོན་བརྒྱ་དགོན་དང་བོན་མང་འདུས་སྤྱི་ཡིས་གསལ་བསྒྲགས་སྤེལ་བའི་ནང་འཁོད་འདུག གཡུང་དྲུང་བོན་གྱི་བླ་ཆེན་མཁས་གྲུབ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའམ་ཡོངས་གྲགས་ཀྱི་མཚན་ལ་ཨ་ལགས་བོན་བརྒྱ་རུ་འབོད་པ་ཁོང་༡༩༣༥་ལོར་ཡུལ་རེབ་གོང་གི་ཡར་ནང་བོན་སྡེ་ཁ་གསུམ་གྱི་ནང་ཚན་མག་སར་ཅེས་པའི་གཡུང་དྲུང་བདུད་འདུལ་གླིང་གི་སྒྲུབ་སྡེའི་ཉེ་སར་ཡབ་རྡོ་རྗེ་ཐར་དང་། ཡུམ་ཚེ་རིང་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ༡༩༤༠་སྟེ་ཁོང་དགུང་ལོ་ལྔ་ཡི་སྟེང་བྱང་སྟོན་གྲུབ་པའི་དབང་ཕྱུག་བོན་བརྒྱ་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་དང་། སྔགས་རྙིང་མའི་མདོ་མཁྱེན་བརྩེ་གྲུབ་པའི་དབང་པོ་སོགས་རིས་མེད་ཀྱི་སྐྱེས་ཆེན་དུ་མས་ཐུགས་བཞེད་གཅིག་གི་འོག་ཏུ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་དཔལ་བཟང་པོའི་སྤྲུལ་སྐུ་རུ་ངོས་འཛིན་བྱས་ཤིང་། སྐྱང་སྤྲུལ་རྒྱལ་བའི་དབང་པོ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་སོགས་བསྟེན་ནས་གཡུང་དྲུང་བོན་གྱི་གཞུང་ཆེན་ཁག་གཙོས་པའི་རིས་མེད་ཀྱི་གྲུབ་མཐའ་ཀུན་དང་ཐ་སྙད་རིག་གནས་སྣ་མང་པོར་སློབ་སྦྱོང་བྱས་ཤིང་། རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་དམངས་གཙོ་བཅོས་སྒྱུར་གྱི་སྲིད་ཇུས་སྤེལ་སྐབས་བླ་མ་ཁོང་ཡང་ལོ་མང་པོར་ཁྲི་མུན་བཙོན་དུ་བཅུག་མྱོང་བ་རེད། ཆིག་སྟོང་དགུ་བརྒྱ་བརྒྱད་བཅུའི་ནང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ནས་ཁོང་ལ་གཟིགས་བཟོས་ཚད་མེད་མཛད་དེ། ཨ་ལགས་བོན་བརྒྱ་ཁྱོད་ཀྱིས་མཚོ་སྔོན་ཕྱོགས་ཀྱི་བོན་སྡེ་ཁག་གི་བདག་པོ་མཛོད་ལ། ཐུགས་མཐུན་ཁྲིམས་གཙང་གི་དགོན་སྡེ་ལེགས་པོ་ཞིག་གི་གཞི་ཟུངས་ཞེས་གསུང་བསྩལ་ཡོད་པ་ལྟར་ཁོང་གི་དགོན་པ་དཔལ་གཤེན་བསྟན་སྨན་རི་བཤད་སྒྲུབ་གླིང་གི་དགོན་སྡེ་སླར་གསོ་བྱས་ཤིང་། རྗེས་སུ་རྔ་བའི་ཡུལ་དུ་ཕེབས་ནས་རྟོགས་ལྡན་ཡོངས་འཛིན་བཟོད་པ་རྒྱལ་མཚན་རིན་པོ་ཆེ་མཆོག་དང་སྣང་ཞིག་བྱ་འཕུར་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་སོགས་ཀྱི་སར་གཡུང་དྲུང་བོན་གྱི་དབང་ལུང་ཁྲིད་གསུམ་སོགས་ཞུས་ཡོད་པ་མ་ཟད། སྣང་ཞིག་དགོན་སོགས་སུ་འཆད་ཉན་གྱི་བསྟན་པ་མུ་མཐུད་དུ་སྤེལ་ལ། གཞན་ཡང་སྔ་རྗེས་སུ་པཎ་ཆེན་རིན་པོ་ཆེ་དང་། རེབ་གོང་ཤར་སྐྱབས་མགོན་སྐུ་ཕྲེང་བདུན་པ། ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ། གྲུབ་དབང་སེམས་དཔའ་རིན་པོ་ཆེ་སོགས་ཀྱི་དྲུང་ནས་དུས་འཁོར་དབང་ཆེན་དང་། ཡོན་ཏན་མཛོད་རྩ་འགྲེལ། སྤྱོད་འཇུག་ཆེན་མོ་སོགས་ཀྱི་ཞལ་ལུང་གསན་པ་སོགས་གྲུབ་མཐའ་རིས་མེད་ཀྱི་གཞུང་ལ་ཐོས་བསམ་མཛད་ཅིང་། ཁོང་གིས་ད་བར་དུ་མཛད་པའི་ལྗགས་རྩོམ་ལའང་བོན་གྱི་གཞུང་ཆེན་གྱི་སྐོར་དང་། ཆོ་ག་ཟིན་བྲིས་ཀྱི་སྐོར། དཔྱད་རྩོམ་དང་ཡིག་གཟུགས་ཀྱི་སྐོར་སོགས་གླེགས་བམ་བརྒྱད་ཡོད་ལ། ད་ལྟའི་བར་རེབ་གོང་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་དགོན་བདག་སོགས་མདོ་སྨད་བྱང་རྒྱུད་ཀྱི་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་ལས་གནང་མྱོང་བ་མ་ཟད། རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་ཞིབ་འཇུག་པ་དང་། རེབ་གོང་རྫོང་སྲིད་གྲོས་ཀྱི་འགན་འཛིན་གཞོན་པ་བཅས་ཀྱི་ཕྱག་ལས་ཡང་གནང་མྱོང་ཞིང་། རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཐེངས་དགུ་བ་དང་། བཅུ་བ། བཅུ་གཅིག་པ་བཅས་སུ་ཡང་ཕེབས་མྱོང་བ་བཅས་ཧི་མ་ལ་ཡའི་བོན་ཅེས་པའི་དྲ་ཚིགས་སུ་གནས་ཚུལ་འཁོད་འདུག བླ་མ་ཁོང་སྐུ་གྲོངས་པའི་གནས་ཚུལ་ཐོན་རྗེས་གཡུང་དྲུང་བོན་གྱི་བསྟན་བདག་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་བ་ལུང་རྟོགས་ཟླ་བ་དར་རྒྱས་དང་། སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ། སྨན་རིའི་གྲྭ་ཚང་སོགས་ཀྱི་མཚན་ཐོག་ནས་ཐུགས་གསོའི་འཚམས་འཕྲིན་བཏང་འདུག་པ་མ་ཟད། སྐད་འཕྲིན་དང་པོད་འཕྲིན་སོགས་ཀྱི་བརྒྱུད་ལམ་སོགས་སུ་ཡང་མི་མང་པོས་མྱ་ངན་གུས་འདུད་ཞུ་བཞིན་ཡོད་པ་རེད།།

XS
SM
MD
LG