ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཌོ་ནལ་ཊོམ་དང་ཨུ་རུ་སུ། ཨ་རིའི་གསང་བའི་ལས་ཁང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ༢༠༡༦་གི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་བྱས་ནས་སྲིད་འཛིན་ཌོ་ནལ་ཊོམ་ལ་རྒྱབ་སྐྱོར་ཐོབ་ཡོད་ཚུལ་གྱི་རྩོད་གླེང་ད་དུང་ཡང་ལྷིང་འཇགས་སོང་མེད་ཅིང་། ཁ་སང་ཕྱི་དྲོར་ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་གིས་འགོ་ཁྲིད་ཚོས་གསར་འགོད་ལྷན་ཚོགས་བསྐོངས་ཏེ་ལོ་འདིའི་ཕྱི་ཟླ་༡༡་པའི་ཨ་རིའི་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་བྱེད་ཀྱིན་འདུག ༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལའང་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་བྱས་ནས་ཨ་མི་རི་ཀའི་དམངས་གཙོའི་ལམ་སྲོལ་གཏོར་བརླག་བྱ་རྒྱུའི་རྟགས་མཚན་གསལ་བོ་འདུག ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་གིས་ཨུ་རུ་སུའི་ཐེ་གཏོགས་ལ་རྒོལ་ལན་ནན་པོ་སློག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས། སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀའི་འོས་འདེམས་ལ་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་བྱེད་ཀྱི་ཡོད་པའི་སྐད་ཆ་དེ་ཚོ་གཡོ་གཏམ་རེད་ཅེས་དགག་པ་བརྒྱབ་ནས་ཌོ་ནལ་ཊོམ་དང་ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོ་ལྟ་བ་གཅིག་དང་ལངས་ཕྱོགས་གཅིག་གྱུར་མིན་པའི་རྣམ་པ་ཞིག་ཐོན། སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྟག་ཏུ་ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་གི་ཞིབ་འཇུག་ཁག་ལ་དོགས་ཟོན་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱི་སྐད་ཆར་ཡིད་ཆེས། ཁོང་གིས་ཨུ་རུ་སུའི་སྲིད་འཛིན་ལ་ཨ་མི་རི་ཀའི་དམངས་གཙོའི་འོས་འདེམས་ཁག་ལ་ཐེ་གཏོགས་བྱེད་མི་ཆོག་ཅེས་བཀའ་མོལ་ནན་པོ་ཞིག་གནང་ཐུབ་ཀྱི་མེད་པའི་རྒྱུ་མཚན་ཞིག་འདུག་ཅེས་ཉམས་ཞིབ་པ་ཚོས་དོགས་འདྲི་བྱེད་ཀྱི་ཡོད་པ་རེད། ཉེ་ཆར་ཡུ་རོབ་བྱང་ཕྱོགས་ཀྱི་རྒྱལ་ཁབ་ཧྥིན་ལན་ཌིའི་རྒྱལ་ས་ཧེལ་སིང་ཀིར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གཉིས་ཐུག་འཕྲད་བྱུང་ཞིང་། སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨུ་རུ་སུའི་སྲིད་འཛིན་གྱི་མདུན་དུ་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་བྱེད་དགོས་དོན་མེད་ཅེས་གཏམ་བཤད་བྱས་པ་དང་མདང་དགོང་མཚན་ལ་ཌོ་ནལ་ཊོམ་གྱིས་སླར་ཡང་ཨ་རིའི་ཕེན་སིལ་ཝྭེ་ཎི་ཡ་མངའ་སྡེར་མང་ཚོགས་ལ་གཏམ་བཤད་བྱས་པའི་སྐབས་སུ་ང་དང་ཕུ་ཀྲིན་གཉིས་སིང་ཀིར་ཐུག་འཕྲད་གྲོས་མོལ་ཡག་པོ་བྱུང་སོང་། ང་ཚོས་གནད་དོན་ཡོད་ཚད་ལ་གྲོས་མོལ་བྱས་པ་ཡིན། ང་ཚོ་ཕྱོགས་གང་ཐད་དུ་མཐུན་གྱི་ཡོད་པ་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ཡིན་མོད། འོན་ཀྱང་ད་ལྟ་ཨུ་རུ་སུའི་ཐེ་གཏོགས་ཞེས་གཡོ་གཏམ་ཞིག་བསྒྲགས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དེར་འགལ་རྐྱེན་སློང་གི་འདུག འདི་ནི་གཡོ་གཏམ་འབའ་ཞིག་རེད་ཅེས་ཆུ་ཚོད་འགའ་ཞིག་གི་གོང་དུ་ཨ་རིའི་གསང་བའི་ལས་ཁང་ཁག་གི་འགོ་ཁྲིད་ཚོས་བཤད་པའི་སྐད་ཆ་དང་རྒྱབ་འགལ་གྱི་གཏམ་བཤད་བྱས་འདུག ཨ་རིའི་དབུས་ཞིབ་གཅོད་ལྷན་ཁང་གི་འགན་འཛིན་དང་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་འགན་འཛིན། ཨ་རིའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གི་དྲུང་ཆེ། ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་ཁང་གི་འགན་འཛིན། སྲིད་འཛིན་ཌོ་ནལ་ཊོམ་གྱི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་བཅས་ཀྱིས་མཉམ་དུ་གསར་འགོད་ལྷན་ཚོགས་བསྐོངས་ནས་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀའི་འོས་འདེམས་ལ་ཐེ་གཏོགས་བྱ་འཆར་འདུག་ཅེས་ཉེན་བརྡ་བཏང་རུང་སྲིད་འཛིན་ཌོ་ནལ་ཊོམ་གསར་འགོད་ལྷན་ཚོགས་དེར་དངོས་སུ་མཉམ་ཞུགས་མ་བྱས་པ་ཕོ་བྲང་དཀར་པོས་རང་གི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོར་རྒྱབ་སྐྱོར་ཆ་ཚང་ཞིག་མེད་པ་གསལ་སྟོན་བྱས་པ་རེད་ཅེས་སི་ཨེན་ཨེན་བརྙན་འཕྲིན་ཁང་གིས་གསར་འགྱུར་སྤེལ་འདུག ཨ་མི་རི་ཀ་བ་མང་པོ་ཞིག་གིས་སྲིད་འཛིན་ཌོ་ནལ་ཊོམ་ལ་ཨུ་རུ་སུའི་ཐེ་གཏོགས་འགོག་རྒྱུའི་ཀུན་སློང་གཙང་མ་ཞིག་ཡོད་མེད་ཐེ་ཚོམ་གྱི་གནས་སུ་ལྷུང་། ཨུ་རུ་སུའི་གསང་བའི་ལས་ཁང་གིས་སྲིད་འཛིན་ཌོ་ནལ་ཊོམ་གྱི་མཚན་མཐོང་ལ་གནོད་པའི་བརྙན་གཟུགས་དང་འདྲ་པར་རྣམས་ཉར་འཛིན་བྱས་ཡོད་པ་ཡིན་ནམ། ཡང་ན་སྔོན་ཆད་ཨུ་རུ་སུའི་གཞུང་གིས་ཌོ་ནལ་ཊོམ་ལ་ཨ་སྒོར་ས་ཡ་མང་པོའི་མ་རྩ་རོགས་རམ་བྱས་ཡོད་སྲིད། གང་ལྟར་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀའི་ཁེ་ཕན་དང་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་བློས་བཏང་ནས་ཨུ་རུ་སུ་ལ་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་ཡོད་པར་རྒྱུ་མཚན་ཞིག་འདུག་ཅེས་དོགས་འདྲི་བྱེད་ཀྱི་ཡོད་པ་རེད། སྲིད་འཛིན་ཨོ་བྷ་མའི་དུས་སུ་ཨ་མི་རི་ཀས་ཨུ་རུ་སུ་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་དང་དེའི་རྗེས་སུ་ཨ་རིའི་གྲོས་ཚོགས་ཀྱིས་ཨུ་རུ་སུ་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་འཕར་མ་བཙན་འགེལ་བྱ་དགོས་པའི་གྲོས་ཆོད་བཞག་ཀྱང་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨུ་རུ་སུ་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་འགེལ་རྒྱུ་ལག་ལེན་བསྟར་གྱི་མེད་ཅིང་། ཐ་ན་སྲིད་འཛིན་ཨོ་བྷ་མའི་དུས་སུ་ཨུ་རུ་སུ་ལ་ཉེས་ཆད་བཙན་འགེལ་བྱས་ཡོད་པ་ཁག་ཅིག་ཕྱིར་འཐེན་བྱེད་ཀྱི་ཡོད་པར་མ་ཟད། ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ཁེ་རེ་མི་ཡ་བཙན་འཕྲོག་བྱས་པར་ངོ་རྒོལ་དང་ཨ་མི་རི་ཀས་ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོན་ལ་མཁོ་བའི་དེང་རབས་ཅན་གྱི་མཚོན་ཆ་བཙོང་ཐུབ་ཀྱི་མེད་པ། ད་དུང་ཌོ་ནལ་ཊོམ་གྱིས་ཁེ་ན་ཌར་འཚོགས་པའི་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ཚོགས་ཆེན་ཐོག་ཏུ་ཨུ་རུ་སུ་བསྐྱར་དུ་ཚོགས་ཆེན་དེར་གདན་འདྲེན་ཞུ་དགོས་ཞེས་གཏམ་བཤད་བྱས་པར་གཞིགས་ཚེ། ཨ་རིའི་གཞུང་དང་སྲིད་འཛིན་ཌོ་ནལ་ཊོམ་གཉིས་ཀྱིས་ཨ་མི་རི་ཀར་ཕྱི་འབྲེལ་སྲིད་ཇུས་མ་འདྲ་བ་གཉིས་འཛིན་གྱིན་འདུག་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG