ངོ་འཕྲད་བདེ་བའི་དྲ་འབྲེལ།

ཚཱེ་དབྱིན་ཝེན་གྱི་གནམ་གྲུ་འབབ་སྡོད་བྱེད་དུ་འཇུག་མི་ཆོག


༄༅།། ཕྱི་ཟླ་༨་པའི་ཚེས་༡༢་ནས་ཚེས་༢༠་བར་དུ་ཐེ་ཝན་གྱི་སྲིད་འཛིན་ཚཱེ་དབྱིན་ཝེན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་པཱ་ར་གྷ་ཡེ་དང་དབུས་ཨ་མི་རི་ཀའི་རྒྱལ་ཁབ་བྷེ་ལི་ཛི་གཉིས་ལ་འཚམས་འདྲིར་ཕེབས་ནས་ཐེ་ཝན་དང་འབྲེལ་ཡོད་རྒྱལ་ཁབ་དེ་དག་གི་འབྲེལ་བ་ཡར་རྒྱས་དང་སྲ་བརྟན་གཏོང་འཆར་ཡོད་པ་སྟེ། སྲིད་འཛིན་ཚཱེ་དབྱིན་ཝེན་གྱི་གནམ་གྲུ་ཨ་མི་རི་ཀའི་ནུབ་ཕྱོགས་སུ་ཆགས་པའི་གྲོང་ཁྱེར་ཆེན་པོ་ལོ་སི་ཨན་ཇི་སིའི་རྒྱལ་སྤྱིའི་གནམ་ཐང་བརྒྱུད་ནས་ལྷོ་ཨ་མི་རི་ཀར་འཚམས་འདྲིར་ཕེབས་འཆར་ཡོད་ཀྱང་རྒྱ་ནག་གིས་ཨ་མི་རི་ཀར་ཐེ་ཝན་གྱི་སྲིད་འཛིན་ཚཱེ་དབྱིན་ཝེན་གྱི་གནམ་གྲུ་ལོ་སི་ཨན་ཇི་ལི་སི་རྒྱལ་སྤྱིའི་གནམ་ཐང་ལ་འབབ་སྡོད་བྱེད་དུ་འཇུག་མི་ཆོག ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་བྱས་ཡོད་པ་རྩ་འཛིན་བྱ་དགོས། ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་རྒྱ་ནག་གཅིག་གི་མཁའ་ཁོངས་སུ་འདུ་དགོས་ཞེས་འཁོད་པའི་གྲོས་མཐུན་ལ་ཨ་མི་རི་ཀས་མིང་རྟགས་བཀོད་ཡོད་པར་བརྩི་འཇོག་བྱ་དགོས། ཨ་མི་རི་ཀས་རང་གི་ས་ཐོག་ཏུ་ཐེ་ཝན་གྱི་སྲིད་འཛིན་ཚཱེ་དབྱིན་ཝེན་གྱི་གནམ་གྲུ་འབབ་སྡོད་བྱེད་དུ་བཅུག་ན་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་སྡུག་ཏུ་འགྲོ་ངེས་ཡིན་ཞེས་ཉེན་བརྡ་བཏང་སྟེ། རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ཅིག་ལངས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་ཡོད་པ་དེའི་ཐོག་ཏུ་སླར་ཡང་འགལ་རྐྱེན་སྣོན་མ་ཞིག་སློང་སྲིད། རྒྱ་ནག་གཞུང་གིས་དམངས་གཙོའི་ལམ་ལུགས་དར་པའི་ཐེ་ཝན་མཚོ་གླིང་ནི་རྒྱ་ནག་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན། རྒྱལ་ཁབ་སུ་གཅིག་གིས་ཀྱང་ཐེ་ཝན་ལ་རྒྱལ་ཁབ་དང་རྒྱལ་ཁབ་རིམ་པའི་འབྲེལ་བ་འཛིན་མི་ཆོག ཐེ་ཝན་ལ་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ཏུ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཕྱི་འབྲེལ་གཅོད་དགོས། གལ་སྲིད་ཐེ་ཝན་གཞུང་གིས་མཚོ་གླིང་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ཁྱབ་བསྒྲགས་བྱས་ན་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་ཅིང་། རྒྱ་ནག་གིས་རྟག་ཏུ་ཨ་མི་རི་ཀར་ཕྱོགས་གཉིས་ཀྱི་འབྲེལ་བར་འགལ་རྐྱེན་སློང་སྲིད་པའི་གནད་དོན་ཚོར་སྐྱེན་རྣོན་པོ་དེ་ནི་ཐེ་ཝན་ཡིན། ཨ་མི་རི་ཀས་ཐེ་ཝན་གྱི་རང་བཙན་ཕྱོགས་ཁག་ལ་གོ་བརྡ་ལོག་པ་ཞིག་བཏང་ན་དགེ་མཚན་མེད་ཅེས་ཕྱོགས་གཅིག་ནས་ཨ་མི་རི་ཀ་གཙོས་འཛམ་གླིང་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པར་མ་ཟད། ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་དཔལ་འབྱོར་རོགས་རམ་སྤྲོད་པའམ། ཡང་ན་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་ནས་གནོན་ཤུགས་སྤྲོད་ཐབས་དང་རྒྱལ་ཁབ་དེ་ཚོར་ཐེ་ཝན་ལ་ཕྱི་འབྲེལ་གཅོད་དུ་འཇུག་གི་ཡོད་པ་སྟེ། དེང་སྐབས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༡༨་ལས་མེད། ༢༠༡༦་ལོར་ཚཱེ་དབྱིན་ཝེན་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པའི་རྗེས་སུ་རྒྱ་ནག་གིས་ཕྱོགས་གང་ཐད་དུ་ཐེ་ཝན་ལ་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་ནས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་གྲོགས་མེད་ཁེར་རྐྱང་དུ་འཇོག་རྒྱུའི་སྲིད་ཇུས་ལག་ལེན་བསྟར། ཐེ་ཝན་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོས་དངུལ་སྒོར་ལྐོག་མ་བརྫངས་ནས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ཉོ་འགུགས་བྱེད་ཀྱིན་འདུག་ཅེས་སྐྱོན་བརྗོད་བྱས་ཀྱང་རྒྱ་ནག་གིས་དངུལ་སྒོར་འགྲོ་གྲོན་བཏང་ནས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ཉོ་འགུགས་ཀྱི་མེད་ཅེས་སྐྱོན་འཛུགས་དེར་དགག་པ་རྒྱག་གི་ཡོད་པ་རེད།།

XS
SM
MD
LG