ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གིས་ཉི་ཧོང་དང་རྒྱ་གར་འཛུམ་འགུགས།


༄༅།། རྒྱ་ནག་གིས་རྒྱ་གར་དང་ཉི་ཧོང་ལ་འབྲེལ་བ་ཡག་ཏུ་གཏོང་གི་ཡོད་པ་དགའ་འོས་པའི་གནས་ཚུལ་ཞིག་ཡིན། འོན་ཀྱང་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་རྒྱ་བསྐྱེད་ནས་རྒྱ་གར་དང་ཉི་ཧོང་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཀ་བྱུང་ན་ཉི་ཧོང་དང་རྒྱ་གར་གཉིས་ཀྱིས་སྔར་བཞིན་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཆང་ནས་འདུག་མི་སྲིད། ཕྱི་ལོ་༢༠༠༧་ནས་བཟུང་སྟེ་དམངས་གཙོའི་ལམ་ལུགས་དར་བའི་ཨ་མི་རི་ཀ་དང་རྒྱ་གར། ཉི་ཧོང་དང་ཨོ་གླིང་རྒྱལ་ཁབ་བཅས་ཀྱིས་བདེ་འཇགས་སྲུང་སྐྱོབ་ཀྱི་གྲོས་མོལ་བྱས་ནས་སྒྲིག་འཛུགས་ཤིག་འཛུགས་ཐབས་བྱས་པ་དེར་རྒྱལ་སྤྱིའི་ཐོག་ཏུ་བཞི་འབྲེལ་ཞེས་གྲགས། བཞི་འབྲེལ་གྲོས་མོལ་གྱི་དམིགས་ཡུལ་ནི་རྒྱ་ནག་གིས་མངའ་ཁོངས་རྒྱ་སྐྱེད་དང་རྩོད་གླེང་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པར་ཁ་གཏད་གཅོག་པའི་ཆེད་དུ་ཡིན། ལོ་བཅུའི་གོང་དུ་ཨོ་གླིང་རྒྱལ་ཁབ་བཞི་འབྲེལ་ཁོངས་ནས་ཕྱིར་འཐེན་བྱས་པས་གྲོས་མོལ་དེ་གྲུབ་འབྲས་མ་སྨིན། ༢༠༡༧་ལོར་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་དུ་མཚོ་ལམ་གྱི་འགྲིམ་འགྲུལ་དང་སྐྱེལ་འདྲེན་གྱི་རང་དབང་ལ་སྲུང་སྐྱོབ་ཅེས་པའི་དམག་དོན་འཐབ་ཇུས་ཤིག་ཕྱིར་བསྒྲགས་བྱས་པའི་རྗེས་སུ་བཞི་འབྲེལ་གྲོས་མོལ་སླར་གསོ་བྱུང་འདུག

རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོ་ཞེས་པའི་ཐ་སྙད་འདི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་གསར་གཏོད་བྱས་པ་ཞིག་ཡིན་པར་མ་ཟད། སྔོན་ཆད་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ཞེས་པའི་ཐ་སྙད་ཅིག་ཡོད་པ་དེའི་ཚབ་དོད་ཀྱང་ཡིན་ཞིང་། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་རྒྱ་གར་རྒྱ་མཚོ་ཡང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་ཁོངས་སུ་ཚུད་དགོས་པའི་བསམ་བློ་བཏང་སྟེ། ད་ལོའི་ཕྱི་ཟླ་༥་པའི་ཟླ་མཇུག་དེར་ཨ་མི་རི་ཀའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དམག་དཔུང་བཀོད་འདོམས་པར་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་དམག་དཔུང་བཀོད་འདོམས་པ་ཞེས་མིང་བསྒྱུར། ཡིན་ནའང་༢༠༠༧་ནས་བཟུང་སྟེ་རྒྱ་ནག་གིས་མངོན་གསལ་མེད་པར་བཞི་འབྲེལ་སྒྲིག་འཛུགས་ལ་ངོ་རྒོལ་བྱས་ནས་རྩ་བ་བརྟན་པོ་ཞིག་ཚུགས་མ་ཐུབ་པ་དང་ཚོགས་པ་དེར་དངོས་ཤུགས་བརྒྱུད་གསུམ་ནས་འགལ་ཟླ་བསླངས། དེར་བརྟེན་ཉམས་ཞིབ་པ་ཁག་ཅིག་གིས་དེང་སྐབས་བཞི་འབྲེལ་ཁོངས་སུ་རྒྱ་གར་དང་ཉི་ཧོང་གཉིས་མེད་པར་ཨ་མི་རི་ཀ་དང་ཨོ་གླིང་རྒྱལ་ཁབ་གཉིས་གཅིག་པུར་ལུས་འདུག་ཅེས་གླེང་།།

ཉེ་ཆར་ཕྱི་ཟླ་༤་ནང་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་ན་རན་དྷ་ར་མོ་དྷི་གཉིས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་ཉི་མ་གཉིས་ལ་ཐུག་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་ཚོང་ལས་དང་ས་མཚམས་ཀྱི་རྩོད་གཞི། པ་ཀི་སི་ཐན་གྱི་དཔལ་འབྱོར་ཤུར་ལམ་བཅས་ལ་གྲོས་མོལ་བྱས་ནས་རྒྱ་ནག་གིས་བཞི་འབྲེལ་སྒྲིག་འཛུགས་མགོ་བོ་འབུར་བཅོམ་ཐུབ་ཡོད་པ་སྟེ། རྒྱ་གར་གྱི་སྲིད་བློན་ན་རན་དྷ་ར་མོ་དྷིས་ཞིས་ཅིན་ཕིང་ལ་ཐུག་འཕྲད་བྱས་ནས་གྲོས་མཐུན་གང་ཡང་འཇོག་ཐུབ་མེད་ཀྱང་ཐུག་འཕྲད་དེ་ལོ་རྒྱུས་ཀྱི་མཚམས་རྡོ་ཞིག་ཡིན་ཞེས་བསྔགས་པ་བརྗོད། དུས་དེ་ནས་བཟུང་སྟེ་རྒྱ་གར་གྱིས་རྒྱ་ནག་ལ་ཕོག་ཐུག་འགྲོ་བའི་སྲིད་ཇུས་མངོན་གསལ་དོད་པོ་ཞིག་ལག་ལེན་བསྟར་རྒྱུར་གཡོལ།།

ལོ་ཤས་གོང་དེར་ཉི་ཧོང་གཞུང་གིས་སན་ཀ་ཁུ་གླིང་ཕྲན་གྱི་བདག་དབང་སྒེར་པའི་ལག་ནས་སྲིད་གཞུང་གིས་ཉོས་པ་ནས་བཟུང་སྟེ་རྒྱ་ནག་དང་ཉི་ཧོང་གི་འབྲེལ་བ་ཧ་ཅང་སྡུག་ཏུ་སོང་། མདོར་ན་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་དེ་དག་གིས་དམག་འཁྲུག་རྒྱག་གྲབས་བྱས་ནས་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཚོ་ཐུག་འཕྲད་གྲོས་མོལ་བྱེད་ཐུབ་ཀྱི་མེད་མོད། ཡིན་ནའང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཉི་ཧོང་དང་ལྷོ་ཀོ་རི་ཡ་སོགས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་བློ་བརྟན་འགྱུར་མེད་ཀྱི་སྲིད་ཇུས་ཤིག་འཛིན་གྱིན་མེད་པ། ལྷག་པར་དུ་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ཅིག་ལངས་ནས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ལ་གྱོང་གུད་ཆེན་པོ་ཕོག་གི་ཡོད་པར་བརྟེན། རྒྱ་ནག་གིས་ཉི་ཧོང་ལ་འབྲེལ་བ་ཡག་ཏུ་བཏང་ནས་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་རྒྱ་བསྐྱེད་ཐབས་བྱེད་ཀྱི་ཡོད་ཅིང་། ཉེ་ཆར་ཕྱི་ཟླ་༤་པའི་ཟླ་དཀྱིལ་དེར་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དང་ཕྱི་སྲིད་བློན་ཆེན་གཉིས་ཉི་ཧོང་ལ་འཚམས་འདྲིར་ཕེབས་ནས་སྲིད་བློན་ཤིན་ཛོ་ཨ་བྷེར་ཐུག་འཕྲད་བྱུང་ཞིང་། དེའི་རྗེས་སུ་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ཉི་ཧོང་ལ་འཚམས་འདྲིར་ཕེབས་ནས་རྒྱ་ནག་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཀྱི་འགོ་ཁྲིད་རྣམས་ལ་ཐུག་འཕྲད་གྲོས་མོལ་བྱུང་བ། ལི་ཁེ་ཆང་ཉི་ཧོང་དུ་དུས་ཡུན་རིང་ཙམ་བཞུགས་ནས་ཉི་ཧོང་གི་སྲིད་བློན་རྒྱ་ནག་ལ་གདན་འདྲེན་ཞུས་པ་དང་ལོ་རྗེས་མར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཉི་ཧོང་ལ་འཚམས་འདྲིར་ཕེབས་རྒྱུའི་གྲོས་མཐུན་བྱུང་བ། ཉི་ཧོང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་དཔལ་འབྱོར་ཚོང་ལམ་ཁོངས་སུ་ཞུགས་རྒྱུའི་གྲོས་མཐུན་བྱུང་བས་རྒྱ་ནག་གིས་ཉི་ཧོང་དང་རྒྱ་གར་གཉིས་འཇམ་འགུགས་བྱས་པའི་སྲིད་ཇུས་ལ་ནུས་པ་ཆེན་པོ་ཞིག་ཐོན།།

ཟླ་བ་སྔོན་མར་རྒྱ་ནག་དམར་ཤོག་ཚོགས་པས་ཕྱི་འབྲེལ་ལེགས་བཅོས་ཀྱི་གྲོས་མོལ་ཚོགས་འདུ་ཞིག་བསྐོངས། ཚོགས་འདུ་དེར་པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་དཔོན་ཀྲང་ཀྲི་རུང་མཉམས་ཞུགས་བྱས་ནས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་གཏམ་བཤད་ཁག་ལ་ཞིབ་འཇུག་བྱ་རྒྱུའི་གོ་སྐབས་ཐོབ། སློབ་དཔོན་ཀྲང་ཀྲི་རུང་གིས་རྒྱ་ནག་གི་ཕྱི་འབྲེལ་ལེགས་བཅོས་ཀྱི་གྲོས་མོལ་ཚོགས་འདུའི་ཐོག་ཏུ་སྲིད་འཛིན་ཞིས་ཅིན་ཕིང་གིས་ང་ཚོ་རྒྱ་གར་དང་ཉི་ཧོང་ཚུད་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཅིག་ལ་འབྲེལ་བ་སྡུག་ཏུ་སོང་ནས་ཛ་དྲག་གི་གནས་སུ་ལྷུང་ཡོད་པའི་ངར་ཤུགས་གཅོག་ཐུབ་ཡོད། འདི་ནི་ཡང་དག་པའི་ཕྱི་འབྲེལ་སྲིད་ཇུས་ཤིག་ཡིན་ཞེས་གཏམ་བཤད་བྱས་བྱུང་། ཞིས་ཅིན་ཕིང་གིས་བཞི་འབྲེལ་ཞེས་དངོས་སུ་གླེང་སློང་མ་བྱས་ཀྱང་དོན་དམ་དུ་ཨ་མི་རི་ཀ་དང་ཨོ་གླིང་རྒྱལ་ཁབ། ཉི་ཧོང་དང་རྒྱ་གར་བཅས་དམངས་གཙོའི་རྒྱལ་ཁབ་བཞིས་མཉམ་འབྲེལ་སྒྲིག་འཛུགས་ཤིག་རྩ་འཛུགས་བྱེད་བཞིན་པའི་བཞི་འབྲེལ་སྒྲིག་འཛུགས་ཚུགས་མི་ཐུབ་པ་ཞིག་ལ་བསྒྱུར་བ་དེར་གོ་དགོས་པ་འདྲ་ཞེས་འཕྲོས་མོས་བྱས་སོ།།

XS
SM
MD
LG