ངོ་འཕྲད་བདེ་བའི་དྲ་འབྲེལ།

གཅིག་ལན་གཅིག་འཇལ་གྱི་ཁྲིམས་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། གཟའ་ལྷག་པའི་ཞོགས་པར་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་ལུགས་ཚོགས་ཆུང་གི་ཚོགས་གཙོ་བྷོབ་གུ་ཊི་ལེ་ཊིས་གྲོས་ཚོགས་འོག་མའི་གྲོས་འཆར་༡༨༧༢་ཞེས་པ་ཞིག་ཚོགས་ཆུང་དེར་མཚམས་སྦྱོར་གྱིས་ཨ་མི་རི་ཀ་བ་རྣམས་བོད་ལ་བསྐྱོད་པར་རྒྱ་ནག་གཞུང་གིས་གཅིག་ལན་གཅིག་འཇལ་གྱི་ཐོངས་མཆན་སྤྲོད་དགོས་པའི་༢༠༡༧་ལོའི་ཁྲིམས་འཆར་བཏོན། ཁྲིམས་འཆར་འདི་རྒྱ་ནག་གིས་དབང་སྒྱུར་འོག་ཡོད་པའི་བོད་རང་སྐྱོང་ལྗོངས་དང་དེ་མིན་གྱི་བོད་ས་ཁག་གི་བོད་པ་ཚོར་རྒྱ་ནག་གཞུང་གི་བྱེད་སྟངས་ལེགས་པོ་མེད་པ་ཡུན་རིང་ནས་བློ་འཚབ་བྱ་དགོས་པའི་གནད་དོན་ཞིག་ཡིན་པ་སེལ་ཐབས་ཀྱི་ཆེད་དུ་ཡིན་ཞེས་གསུངས་ཏེ། རྒྱ་ནག་གི་སྤྱི་དམངས་རྣམས་ཨ་རིར་ཡོང་ཆོག་པ་ལྟར་ཨ་མི་རི་ཀའི་སྤྱི་དམངས་རྣམས་ཀྱང་བཀག་སྡོམ་མེད་པར་བོད་ལ་འགྲོ་སྐྱོད་ཆོག་དགོས་པའི་ཁྲིམས་འཆར་གྱི་འབྲུ་དོན་ཁག་གཏན་འབེབས་བྱེད་པའི་ཚོགས་འདུ་དེ་ཚོགས་སོང་།།

ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་ཆུ་ཚོད་གཅིག་གི་ཚོགས་འདུའི་ཐོག་ཏུ་དུས་ཡུན་སྐར་མ་ལྔ་རེའི་གཏམ་བཤད་ཀྱི་གོ་སྐབས་ཐོབ་པར་མ་ཟད། གྲོས་ཚོགས་འཐུས་མི་སི་ཊིབ་ཆ་བྷོ་ཊིས་རྒྱ་ནག་གཞུང་གིས་འཛམ་གླིང་ལ་ཁ་ལོ་སྒྱུར་ཐབས་བྱས་ནས་འཛམ་གླིང་གི་སྟོབས་ཤུགས་གོ་རིམ་གསར་པ་ཞིག་ལ་སྙེག་བཞིན་ཡོད་པ་དང་ཆབས་ཅིག ཁོ་ཚོས་ཁྲིམས་ལ་རྩིས་མེད་དང་ཁ་ཞེ་མི་མཚུངས་པའི་བྱེད་སྟངས་ཁག་ཅིག་སྤེལ་གྱི་ཡོད་པའི་དཔེ་མཚོན་གཅིག་ནི་བོད་ཀྱི་གནས་སྟངས་དེ་རེད་ཅེས་གསུང་སོང་།།

གྲོས་ཚོགས་འཐུས་མི་ལོབ་གྷ་རེན་གྱིས་ང་ཚོའི་ཕྱི་མི་འགྲོ་འོང་གི་ལམ་ལུགས་སུ་ཕན་ཚུན་ཐོངས་མཆན་སྤྲད་ནས་གཅིག་ལན་གཅིག་འཇལ་བྱ་དགོས་པ་ཞིག་ཡོད་པ་རྒྱ་ནག་ལ་གསལ་བཤད་བྱས་ནས་ཁྲིམས་འཆར་འདིར་འཁོད་ཡོད། རྒྱ་ནག་གིས་ཨ་རིའི་ཕྱི་འབྲེལ་མི་སྣ་ཁག་དང་ཨ་རི་བ་རྣམས་བོད་ཀྱི་ས་ཁུལ་ཁག་ཏུ་འགྲོ་སྐྱོད་བྱེད་དུ་འཇུག་རྒྱུར་ཚོད་འཛིན་བྱེད་ཀྱི་ཡོད་ཀྱང་ང་ཚོས་རྒྱ་ནག་གི་སྤྱི་དམངས་རྣམས་ཨ་རིར་ཡོང་རྒྱུར་ཚོད་འཛིན་བྱེད་ཀྱི་མེད་ཅེས་གསུངས་སྟེ་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཕན་ཚུན་ཐོངས་མཆན་སྤྲོད་རེས་སམ། ཡང་ན་འགྲོ་འོང་བྱེད་མཁན་ཚོར་རྒྱ་ནག་གིས་ལན་འཇལ་སྙོམས་པོ་ཞིག་བྱེད་ཀྱིན་མི་འདུག་ཅེས་གསུངས་སོང་།།

གྲོས་ཚོགས་འོག་མའི་ཁྲིམས་ལུགས་ཚོགས་ཆུང་གི་ཁྲིམས་འཆར་འདིར་ཚོགས་ཞུགས་གནང་བའི་གྲོས་ཚོགས་འཐུས་མི་ཚང་མས་རྒྱབ་སྐྱོར་ཐོབ་ཡོད་པས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མེ་ཐུ་མེ་ཁ་སིས་བརྗོད་དོན། དེ་རིང་གི་ཚོགས་འདུའི་ཐོག་ཏུ་ཨ་རིའི་སྤྱི་དམངས་རྣམས་བོད་ལ་ཚོད་འཛིན་མེད་པར་འགྲོ་སྐྱོད་བྱེད་ཆོག་རྒྱུའི་ཁྲིམས་འཆར་འདི་དངོས་སུ་བཅའ་ཁྲིམས་ལ་བསྒྱུར་རྒྱུའི་གོམ་སྟབས་དང་པོ་དང་གོམ་པ་གལ་འགངས་ཆེན་པོ་ཞིག་སྤོ་ཐུབ་སོང་ཞེས་གསུངས་སོང་།།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་མཐུད་འགན་འཛིན་བསྟན་ཆོས་རྒྱ་མཚོས་ཀྱང་ཐེངས་འདིའི་ཁྲིམས་འཆར་དེ་ལམ་ལྷོངས་འགྲོ་རྒྱུར་རེ་བ་ཆེ་རུ་ཕྱིན་སོང་ཞེས་གསུངས་སོང་།།

ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་ལུགས་ཚོགས་ཆུང་གི་ཚོགས་འདུར་ཕེབས་ཞུགས་གནང་བའི་འཐུས་མི་ཚོས་ཁྲིམས་འཆར་དེར་སྤྱི་མོས་ཀྱི་རྒྱབ་སྐྱོར་གནང་སྟེ་ཁྲིམས་འཆར་འགྲོ་ལུགས་བཞིན་ད་ལྟ་གྲོས་ཚོགས་འོག་མར་འབུལ་ལམ་ཞུ་དགོས་ཤིང། དེ་ནས་གྲོས་ཚོགས་གོང་མ་བརྒྱུད་དེ་གྲོས་ཚོགས་གོང་འོག་གཉིས་སུ་མཐའ་མའི་རྒྱབ་སྐྱོར་འཐོབ་ཚེ། སྲིད་འཛིན་གྱིས་ཁྲིམས་འཆར་དེར་མཚན་རྟགས་བསྐྱོན་པའི་མཚམས་སུ་བཅའ་ཁྲིམས་སུ་འགྱུར་གྱི་ཡོད་པ་རེད།།

XS
SM
MD
LG