ངོ་འཕྲད་བདེ་བའི་དྲ་འབྲེལ།

ང་ཚོས་ནམ་ཡང་ཨུ་རུ་སུར་ཡིད་ཆེས་བྱ་མི་ཐུབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་གི་ཞིབ་འཇུག་སྙན་ཐོ་ལས་ཀྱང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱི་སྐད་ཆར་ཡིད་ཆེས་བྱས་ཏེ། ༢༠༡༦་གི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུས་ཐེ་གཏོགས་བྱས་ཡོད་པ་ཁུངས་སྐྱེལ་ར་སྤྲོད་གསལ་བོར་ཐུབ་ཀྱང་ཌོ་ནལ་ཊོམ་གྱིས་གཏན་ནས་ཨུ་རུ་སུའི་གཞུང་དང་སྲིད་འཛིན་ཕུ་ཀྲིན་ལ་སྐྱོན་བརྗོད་ནན་པོ་ཞིག་བྱེད་ཕོད་ཀྱི་ཡོད་ཅིང་། ཁོང་གིས་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་སྐྱོན་བརྗོད་དང་ཡུན་རིང་གི་མཛའ་འབྲེལ་རྣམས་བློས་བཏང་ནས་ཨུ་རུ་སུར་འབྲེལ་བ་ཡར་རྒྱས་གཏོང་གང་ཐུབ་བྱེད་ཀྱི་ཡོད་པ་ནི་མི་རྣམས་ཡ་མཚན་སྐྱེ་དགོས་པའི་གནས་ཚུལ་ཞིག་ཏུ་གྱུར། གཟའ་ཟླ་བའི་དགོང་མོར་ཨ་མི་རི་ཀའི་སི་བྷི་ཨེན་གསར་འགྱུར་ལས་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་མི་རི་ཀའི་རྒྱུན་བཞུགས་སྐུ་ཚབ་ཎི་ཀི་ཧེ་ལིར་བཅར་འདྲིར་ཞུས་པས་ཨ་མི་རི་ཀའི་མཐོ་རིམ་ཕྱི་འབྲེལ་མི་སྣ་དེས་ཨ་མི་རི་ཀས་ནམ་ཡང་ཨུ་རུ་སུ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ལ་ཡིད་ཆེས་བྱེད་མི་ཐུབ། ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་གཏན་ནས་མཐུན་གྲོགས་སུ་འགྱུར་མི་སྲིད། ཀིམ་ཇུང་ཨུན་ཡིན་ནའང་འདྲ། ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ཡིན་ནའང་འདྲ། ཁོ་ཚོར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཐུག་འཕྲད་གྲོས་མོལ་བྱ་དགོས་ངེས་ཤིག་ཡིན། ཡིན་ནའང་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཕ་རོལ་པོར་གྲོས་མོལ་ནན་པོ་ཞིག་དང་གནད་དོན་གྱི་འགག་རྩར་གྲོས་མོལ་བྱེད་མ་ཐུབ་ན་ཕན་ཐོགས་མེད་ཅེས་ནན་བརྗོད་བྱས་འདུག ཉེ་ཆར་སྲིད་འཛིན་ཌོ་ནལ་ཊོམ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གཉིས་ཡུ་རོབ་བྱང་ཕྱོགས་ཀྱི་རྒྱལ་ཁབ་ཧྥིན་ལིན་ཌིའི་རྒྱལ་ས་ཧེལ་སིན་ཀིར་ཐུག་འཕྲད་བྱས་པར་ཨ་རིའི་གྲོས་ཚོགས་དང་གསར་འགྱུར་ལས་ཁང་ཁག་གིས་སྐྱོན་བརྗོད་དྲག་པོ་བྱས་པ་དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊོམ་གྱི་སྐད་སྒྱུར་གྲོས་ཚོགས་སུ་འབོད་འགུགས་བྱ་དགོས། གྲོས་ཚོགས་འཐུས་མི་ཚོས་སྐད་སྒྱུར་ལ་འདྲི་རྩད་བྱས་ནས་སྲིད་འཛིན་ཌོ་ནལ་ཊོམ་དང་ཕུ་ཀྲིན་གཉིས་ཀྱིས་གནད་དོན་ཅི་ཞིག་ལ་གྲོས་མོལ་བྱས་ཡོད་མེད་ཉན་ཞིབ་བྱ་དགོས་ཞེས་གླེང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་མི་རི་ཀའི་རྒྱུན་བཞུགས་སྐུ་ཚབ་ཎི་ཀི་ཧེ་ལིས་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན། ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་སོགས་སུ་ཞིག་ཡིན་རུང་རྒྱལ་ཁབ་དེ་དག་གི་འགོ་ཁྲིད་ཚོར་ཐད་ཀར་ཐུག་འཕྲད་གྲོས་མོལ་བྱ་དགོས་པ་དང་མི་དང་མིའི་དབར་ལ་འབྲེལ་བ་ཞིག་བཙུགས་ནས་རྒྱལ་སྲིད་སྐྱོང་དགོས་པའི་ལྟ་བ་ཞིག་བཟུང་འདུག འདི་ནི་སྲིད་འཛིན་ཌོ་ནལ་ཊོམ་གྱི་ཁྱད་ཆོས་རེད། ཕུ་ཀྲིན་དང་ཌོ་ནལ་ཊོམ་གྱི་ཐུག་འཕྲད་གྲོས་མོལ་ཐེངས་རྗེས་མའི་སྐབས་སུ་སྐད་སྒྱུར་གཉིས་ཁོ་ན་མིན་པར་ཕྱོགས་གཉིས་ཀྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ལྷན་བཅར་ཞུ་འཆར་ཡོད་ཅེས་བཤད། ཨ་མི་རི་ཀའི་སྤྱི་ཚོགས་སུ་ཌོ་ནལ་ཊོམ་གྱི་སྲིད་གཞུང་གི་མཐོ་རིམ་ལས་སྣེ་ཚོས་རང་རང་གི་ལས་གནས་ནས་གནང་བ་ཞུས་ནས་སྲིད་འཛིན་ཌོ་ནལ་ཊོམ་ལ་ངོ་རྒོལ་བྱ་དགོས་ཟེར་གྱི་ཡོད་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་མི་རི་ཀའི་རྒྱུན་བཞུགས་སྐུ་ཚབ་ཎི་ཀི་ཧེ་ལིར་རང་གི་ལས་གནས་ནས་གནང་བ་ཞུས་ནས་སྲིད་འཛིན་ཌོ་ནལ་ཊོམ་གྱི་སྲིད་ཇུས་ལ་ངོ་རྒོལ་བྱ་འཆར་མེད་པ་སྟེ། ཁོ་མོས་གསར་འགོད་པར་ང་ལ་ལྟ་ཚུལ་མ་འདྲ་བ་ཞིག་ཡོད། ད་ནངས་སྔ་དྲོར་ང་དུས་ཡུན་ཆུ་ཚོད་གཅིག་གི་རིང་དུ་སྲིད་འཛིན་ཌོ་ནལ་ཊོམ་ལ་ཐུག་འཕྲད་བྱས་ནས་གྲོས་བསྡུར་བྱས་པ་ཡིན། ངས་བཤད་པའི་སྐད་ཆ་ཁག་ཅིག་ལ་སྲིད་འཛིན་ཌོ་ནལ་ཊོམ་དགའ་ཡོད་རྒྱུ་རེད། ངས་བཤད་པའི་སྐད་ཆ་ཁག་ཅིག་ལ་དགའ་ཡོད་རྒྱུ་མ་རེད། ཡིན་ནའང་ངའི་བསམ་ཚུལ་ངོ་མ་ཅི་ཡིན་ནང་མོལ་བྱས་ནས་དྲང་པོར་ཤོད་ཅེས་ང་ལ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སྐད་ཆ་དྲིས་བྱུང་། སྲིད་འཛིན་ཌོ་ནལ་ཊོམ་ལ་སྐད་ཆ་ཡག་སྡུག་གཉིས་ཀ་འགྲོ་ས་འདུག ཁོང་གིས་སྐད་ཆ་ཡག་སྡུག་གཉིས་ཀར་ཉན་གྱི་འདུག མི་ཚང་མས་སྲིད་འཛིན་ཌོ་ནལ་ཊོམ་ལ་གུས་ཞབས་ཀྱི་སྒོ་ནས་སྐད་ཆ་ལེགས་ཉེས་གཉིས་ཀ་བཤད་དགོས་ཀྱིན་འདུག་ཅེས་གསར་འགོད་པའི་དྲི་བར་ལེན་བཏབ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་མི་རི་ཀའི་རྒྱུན་བཞུགས་སྐུ་ཚབ་ཎི་ཀི་ཧེ་ལིས་ཨི་རན་གྱིས་ངར་སྐད་བསྒྲགས་ནས་སྡིགས་ར་བསྐུལ་ན་ཕན་ཐོགས་མེད། ཡུ་རོབ་རྒྱལ་ཁབ་ཁག་གིས་ཨི་རན་གྱི་གྲོས་མཐུན་དེར་མིང་རྟགས་བཀོད་པ་ནི་ཨི་རན་གྱིས་དམག་འཁྲུག་སློང་སྲིད་པའི་འཇིགས་སྣང་གིས་ཡིན་མོད། འོན་ཀྱང་ང་ཚོ་ཨི་རན་གྱི་གཡོ་འོག་ཏུ་ཚུད་མི་སྲིད། ཨི་རན་གྱི་འཇིགས་སྐུལ་ལ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྗོད་ཚིག་ནན་པོས་དགག་པ་བརྒྱབ་པ་འོས་ཤིང་འཚམས་པ་ཞིག་རེད། ཨི་རན་ལ་བསྐྱར་དུ་གྲོས་མོལ་བྱ་འདོད་ཡོད་ན་ང་ཚོར་གྲ་སྒྲིག་ཡོད། ཡིན་ནའང་སྲིད་འཛིན་རོ་ཧ་ཎིས་ཨི་རན་ལ་དམག་འཁྲུག་བརྒྱབ་པ་ནི་དམག་འཁྲུག་ཀུན་གྱི་འབྱུང་རྩར་དམག་འཁྲུག་བསླངས་པ་དང་ཁྱད་པར་མེད་ཅེས་སྡིགས་ར་བསྐུལ་པ་སྟོང་གཏམ་ཞིག་ཡིན། ཨ་མི་རི་ཀ་ནམ་ཡང་ཨི་རན་གྱི་སྡིགས་ར་དེར་སྐྲག་མི་སྲིད། ཌོ་ནལ་ཊོམ་གྱིས་ཨི་རན་དགག་པ་ནན་པོ་བརྒྱབ་པ་འགྲིག་ཡོད་ཅེས་སྲིད་འཛིན་གྱི་གཏམ་བཤད་མཁྲེགས་པོ་དེར་རྒྱབ་སྐྱོར་བྱས་པར་མ་ཟད། ཎི་ཀི་ཧེ་ལིས་བྱང་ཀོ་རི་ཡའི་གཞུང་གིས་ཀྱང་རང་ཉིད་ཐར་ས་མེད་པ་ངོས་ཟིན་འདུག ཁོ་ཚོས་རང་ངོས་ཟིན་ཡོད་པ་ཕྱི་ལ་སྟོན་འདོད་མེད་ཀྱང་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པ་དེར་འགྱུར་བ་མེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱང་ཀོ་རི་ཡར་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ལས་སླ་བར་ཕྱིར་འཐེན་བྱ་མི་སྲིད། ང་ཚོས་བྱང་ཀོ་རི་ཡའི་གཞུང་གིས་ཁ་ནས་བཤད་པ་རྣམས་ལག་ལེན་བསྟར་གྱི་ཡོད་པ་མིག་གིས་མ་མཐོང་བར་དུ་བཀྲ་ཤིས་ལོ་ལེགས་བྱུང་སོང་ཞེས་བཤད་མི་སྲིད། ང་ཚོས་བལྟས་ན་བྱང་ཀོ་རི་ཡས་བསམ་བློ་གཟབ་ནན་ཞིག་གཏོང་དགོས་བྱུང་འདུག་ཅེས་ཨུ་རུ་སུ་དང་ཨི་རན། བྱང་ཀོ་རི་ཡ་བཅས་དེང་སྐབས་ཨ་རིའི་སྤྱི་ཚོགས་སུ་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་པའི་གནད་དོན་ཁག་ལ་འགྲེལ་བཤད་ལྷུག་པོ་བརྒྱབ་བོ།།

XS
SM
MD
LG