ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་ལིམ་ཕིཀ་རྩེད་འགྲན་དང་ཐེ་ཝན།


༄༅།། ཐེ་ཝན་གྱི་སྤྱི་དམངས་ཚོགས་སྡེ་ཁག་གིས་རང་གི་མཚོ་གླིང་དེའི་རྩེད་འགྲན་པ་རྣམས་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ཁག་ལ་མཉམ་ཞུགས་བྱེད་དུས་རྒྱ་མི་རིགས་ཀྱི་ཐེ་པེ་ཞེས་མིང་བྱང་འཁྱེར་ནས་མཉམ་ཞུགས་བྱེད་མི་དགོས་པར་ཐེ་ཝན་ཞེསཔའི་མིང་བྱང་འཁྱེར་ནས་མཉམ་ཞུགས་བྱ་དགོས་མིན་ལ་མང་མོས་འོས་འདེམས་བྱ་དགོས། ༢༠༢༠་ལོར་ཉི་ཧོང་ལ་རྒྱལ་སྤྱིའི་དབྱར་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་འཚོགས་འཆར་ཡོད་པ་དེའི་སྐབས་སུ་ཐེ་ཝན་གྱི་རྩེད་འགྲན་པ་ཚོས་ཐེ་ཝན་ཞེས་པའི་མིང་བྱང་འཁྱེར་ནས་མཉམ་ཞུགས་བྱས་ན་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་འཛིན་སྐྱོང་ལམ་སྟོན་ཁག་ལ་འགལ་བ་མེད་ཅེས་ལས་འགུལ་སྤེལ་གྱི་ཡོད་ཅིང་། ཐེ་ཝན་གྱི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་མིང་འདོན་མ་བྱས་པ་ཞིག་གིས་སི་ཨེན་ཨེ་གསར་འགྱུར་ལས་ཁང་ལ་ང་ཚོས་རང་གི་རྩེད་འགྲན་པ་རྣམས་ཀྱིས་ཐེ་ཝན་ཞེས་པའི་མིང་བྱང་འཁྱེར་ནས་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ཁག་ལ་མཉམ་ཞུགས་བྱ་དགོས་མིན་ལ་མང་མོས་འོས་འདེམས་བྱས་ཀྱང་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་དགོངས་དོན་ལ་འགལ་བ་མེད་ཅེས་བཤད། ཕྱི་ཟླ་༧་ཚེས་༢༤་ཉིན་ཤར་ཨེ་ཤི་ཡའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི་༨་པེ་ཅིང་ལ་འཛོམས་ནས་ཚོགས་འདུ་ཚོགས། ཚོགས་མི་༦་གིས་༢༠༡༩་ལོའི་ཤར་ཨེ་ཤི་ཡའི་ན་གཞོན་གྱི་རྩེད་རིགས་འགྲན་སྡུར་ཐེ་ཝན་གྱི་ཐེ་ཀྲུང་ས་གནས་སུ་འཚོགས་རྒྱུ་མིན་པའི་འོས་ཤོག་འཕངས། ཐེ་ཝན་གྱི་སྐུ་ཚབ་དེས་ཚོགས་མི་༦་གིས་ཐེ་ཀྲུང་ས་གནས་སུ་ཤར་ཨེ་ཤི་ཡའི་ན་གཞོན་གྱི་རྩེད་རིགས་འགྲན་སྡུར་འཚོགས་རྒྱུ་མིན་པའི་འོས་ཤོག་འཕངས་པར་ངོ་རྒོལ་གྱི་འོས་ཤོག་འཕངས་འདུག ཉི་ཧོང་གི་སྐུ་ཚབ་ཕྱོགས་གཉིས་སུ་མ་ལྷུང་བར་དཀྱིལ་དེར་གཟུ་བོར་གནས་ཀྱང་རྒྱ་ནག་གི་གནོན་ཤུགས་འོག་ཏུ་ཐེ་ཝན་གྱི་ཐེ་ཀྲུང་ས་གནས་སུ་༢༠༡༩་ལོའི་ཤར་ཨེ་ཤི་ཡའི་ན་གཞོན་གྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ཚུགས་ཐུབ་ཀྱི་མེད་པ་རེད། ཤར་ཨེ་ཤི་ཡའི་ཨོ་ལིམ་ཕིཀ་རྩེད་རིགས་འགན་སྡུར་གྱི་ཚོགས་ཁོངས་སུ་ཐེ་ཝན་དང་རྒྱ་ནག ལྷོ་ཀོ་རི་ཡ་དང་ཉི་ཧོང་། ཧོང་ཀོང་དང་ཨོ་མེན། བྱང་ཀོ་རི་ཡ་དང་སོག་ཡུལ་བཅས་ཡོད་ཅིང་། གཟའ་མིག་དམར་གྱི་ཕྱི་དྲོར་ཐེ་ཝན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་གསར་འགོད་ལྷན་ཚོགས་བསྐོངས་ནས་ཐེ་ཝན་མི་དམངས་ལ་རང་གི་མཚོ་གླིང་དེའི་རྩེད་འགྲན་པ་རྣམས་ཐེ་ཝན་ཞེས་པའི་མིང་བྱང་འཁྱེར་ནས་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུག་ཁག་ལ་མཉམ་ཞུགས་བྱ་དགོས་མིན་མང་མོས་འོས་འདེམས་བྱེད་ཆོག་པའི་ཐོབ་ཐང་ཡོད། རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འཛིན་སྐྱོང་ལྷན་ཚོགས་ཀྱིས་རྩེད་འགྲན་ཞིག་ཆབ་སྲིད་ལ་བསྒྱུར་པ་དང་རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་པར་བློ་ཕམ་ཡོད་ཅེས་བསྒྲགས་སོ།།

XS
SM
MD
LG