ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨ་རི་དང་ཨི་རན་གྱི་སྲིད་འཛིན་རྣམ་པའི་ཁ་རྩོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། གཟའ་ཉི་མ་དེར་ཨི་རན་གྱི་སྲིད་འཛིན་རོ་ཧ་ཎིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨི་རན་དགྲར་འཛིན་གྱི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་གྱི་ཡོད་ཀྱང་སྲིད་ཇུས་དེར་དམག་འཁྲུག་ཀུན་གྱི་འབྱུང་རྩ་ལྟ་བུའི་དམག་འཁྲུག་ཅིག་ལང་སྲིད། ཌོ་ནལ་ཊོམ་གྱིས་སེངྒེའི་རྔ་མར་འཇུས་ནས་རྩེད་མོ་མ་རྩེད་ན་ལེགས། ཨ་མི་རི་ཀས་ཨི་རན་ལ་དམག་འཁྲུག་བརྒྱབ་པ་ནི་དམག་འཁྲུག་ཀུན་གྱི་འབྱུང་རྩར་དམག་འཁྲུག་བརྒྱབ་པ་དང་ཨི་རན་ལ་ཞི་འགྲིག་བྱས་པ་ནི་ཞི་བདེ་ཀུན་གྱི་འབྱུང་རྩར་ཞི་འགྲིག་བྱས་པ་ཞིག་ཡིན་པ་ངེས་པར་དུ་ཤེས་དགོས་ཞེས་རྒྱལ་སྤྱིའི་ཕྱི་འབྲེལ་མི་སྣའི་ཚོགས་ཆེན་ཞིག་ཏུ་གཏམ་བཤད་བྱས་འདུག མདང་དགོང་མཚན་ལ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཊོས་ཊར་དྲྭ་ལམ་དུ་ཨ་རན་ཁ་ཆེའི་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཨ་མི་རི་ཀར་དམག་འཁྲུག་རྒྱག་རྒྱུའི་སྡིགས་ར་བསྐུལ་ཡང་ཨ་མི་རི་ཀ་སྐྲག་མི་སྲིད། ང་ཚོས་ཨི་རན་ལ་རྒོལ་ལན་སློག་ནས་འགྲོ་བ་མིའི་ལོ་རྒྱུས་སུ་འབྱུང་དཀོན་པའི་ཚབས་ཆེའི་མཇུག་འབྲས་ཤིག་མྱོང་དུ་འཇུག་རྒྱུ་ཡིན་ཞེས་ཚིག་རྩུབ་ཀྱིས་བསྡིགས། ཨི་རན་གྱི་སྲིད་འཛིན་རོ་ཧ་ཎིའི་གཏམ་བཤད་ནང་དུ་ཨ་མི་རི་ཀས་ཨི་རན་ལ་གྲོས་མོལ་བྱས་ན་གྲོས་མོལ་བྱ་ས་ཡོད་པའི་ལམ་ཞིག་བསྟན་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨི་རན་ལ་སྡིགས་ར་བསྐུལ་པའི་རྗོད་ཚིག་རྣམས་སྔོན་ཆད་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་སྡིགས་ར་བསྐུལ་པའི་རྗོད་ཚིག་ཁག་དང་འདྲ་མཚུངས་ཤིག་རེད་ཅེས་ཉམས་ཞིབ་པ་ཚོས་གླེང་། ཨི་རན་གྱི་རྡུལ་ཕྲན་ལས་གྲྭ་སྒོ་རྒྱག་ཐབས་སུ་ཨ་མི་རི་ཀ་དང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ལོ་མང་རིང་གྲོས་བསྡུར་གྱིས་༢༠༡༥་ལོར་ཨི་རན་གྱི་རྡུལ་ཕྲན་ལས་གྲྭ་ནི་གློག་མཁོ་འདོན་འབའ་ཞིག་གི་ཆེད་དུ་ཡིན། ཨི་རན་གྱི་རྡུལ་ཕྲན་ལས་རིགས་དམག་དོན་ལ་བཀོལ་སྤྱོད་བྱེད་མི་ཆོག་པའི་གྲོས་མཐུན་ཞིག་བཞག་སྟེ་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨི་རན་ལ་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་ནུས་ཤུགས་ལྷན་ཁང་གིས་ཨི་རན་གྱི་རྡུལ་ཕྲན་ལས་གྲྭ་ཁག་ལ་རྟོག་ཞིབ་བྱེད་ཆོག་པ། ཨི་རན་དང་ཨ་མི་རི་ཀའི་གྲོས་མཐུན་དེར་དབྱིན་ཇི་དང་ཧྥ་རན་སི། རྒྱ་ནག་དང་ཨུ་རུ་སུ། འཇར་མན་ཎི་བཅས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་མཉམ་དུ་མིང་རྟགས་བཀོད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཐོག་མ་ནས་ཨི་རན་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྲིད་གཞུང་གིས་བཞག་པའི་གྲོས་མཐུན་དེར་ངོ་རྒོལ་བྱས་པ་དང་། ད་ལོ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀ་རྒྱལ་སྤྱིའི་གྲོས་མཐུན་དེ་ནས་ཕྱིར་འཐེན་བྱས་ནས་སླར་ཡང་ཨི་རན་ལ་ཚོང་ལས་དང་ནོར་སྲིད་བཀག་སྡོམ་གྱི་ཉེས་ཆད་བསྐྱར་འགེལ་བྱ་རྒྱུ། ཟླ་བ་རྗེས་མ་ནས་རྒྱལ་སྤྱིའི་ཁྲོམ་རའི་ནང་དུ་ཨི་རན་གྱི་རྡོ་སྣུམ་བཙོང་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་རུང་ཨ་རན་གཞུང་གིས་རྒྱ་ནག་དང་ཨུ་རུ་སུ། དབྱིན་ཇི་དང་ཧྥ་རན་སི། འཇར་མན་ཎི་བཅས་ཀྱིས་རྒྱལ་སྤྱིའི་གྲོས་མཐུན་དེར་མིང་རྟགས་བཀོད་ཡོད་པ་རྩ་འཛིན་བྱ་དགོས། ཨ་མི་རི་ཀ་ཕྱིར་འཐེན་བྱས་པ་ཙམ་གྱིས་རྒྱལ་སྤྱིའི་གྲོས་མཐུན་ཞིག་ནུས་མེད་ལ་འགྱུར་མི་ཐུབ་ཅེས་གླེང་སློང་བྱེད་ཀྱི་ཡོད་པར་མ་ཟད། ཨི་རན་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་བཞིན་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་ཨི་རན་ལ་ཚོང་འབྲེལ་འཛིན་དགོས། འཛམ་གླིང་རྒྱལ་ཁབ་ཁག་གི་དངུལ་ཁང་ཁག་གིས་ཀྱང་ཨི་རན་གྱི་དབུས་དངུལ་ཁང་ལ་ཚོང་འབྲེལ་རྒྱུན་འཁྱོངས་བྱ་དགོས། ཨི་རན་གྱི་རྡོ་སྣུམ་རྒྱལ་སྤྱིའི་ཁྲོམ་རའི་ནང་དུ་ཕྱིར་ཚོང་བྱེད་ཆོག་དགོས་ཞེས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད། ཨ་མི་རི་ཀས་ཨི་རན་ལ་ཚོང་འབྲེལ་འཛིན་པའི་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀར་ཚོང་འབྲེལ་གཅོད་དགོས། ཨ་མི་རི་ཀའི་དངུལ་ཁང་ཁག་དང་བཟོ་ཚོང་ལས་ཁང་ཁག་གིས་ཨི་རན་ལ་ཚོང་འབྲེལ་བཙུགས་ཡོད་པའི་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་དང་དངུལ་ཁང་ཁག་ལ་ཚོང་འབྲེལ་གཅོད་དགོས་ཞེས་བཙན་བཀའ་བཏང་སྟེ། རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཕལ་ཆེ་བས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་དང་ཨ་མི་རི་ཀའི་དངུལ་ཁང་ཁག་ལ་འབྲེལ་བ་མེད་པར་ཚོང་ལས་གཉེར་དཀའ། དེར་བརྟེན་ཨི་རན་དང་ཨ་མི་རི་ཀའི་གྲོས་མཐུན་དེར་མིང་རྟགས་བཀོད་པའི་སྟོབས་ཆེན་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་ཁང་ཁག་དང་དངུལ་ཁང་ཁག་གིས་ཀྱང་ཨི་རན་ལ་ཚོང་འབྲེལ་གཅོད་དགོས་ཐུག་སྲིད་པའི་རྣམ་པ་ཞིག་ཤར། ཨི་རན་དང་ཨ་མི་རི་ཀའི་གྲོས་མཐུན་འདིར་ངོ་རྒོལ་བྱེད་མཁན་གཙོ་བོ་ཞིག་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུ་དང་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྟ་བ་མཁྲེགས་འཛིན་ཅན་ཁག་ཅིག་ཡིན་ཞིང་། ཨ་མི་རི་ཀའི་ཤེས་ཡོན་ཅན་དང་ཉམས་ཞིབ་པ། མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཉམ་འབྲེལ་སོགས་ཀྱིས་ཨ་མི་རི་ཀ་དང་ཨི་རན་གྱི་གྲོས་མཐུན་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཨི་རན་གྱི་གསར་བརྗེའི་དམག་དཔུང་གི་མགྲིན་ཚབ་པ་ཞིག་གིས་ང་ཚོས་དགྲ་བོའི་བཙན་གནོན་ལ་འཐབ་རྒོལ་བྱ་རྒྱུ་ཡིན། ང་ཚོས་ནམ་ཡང་རང་གི་གསར་བརྗེའི་ལྟ་བ་འདོར་རྒྱུ་མིན། ང་ཚོས་དགྲ་བོའི་གནོན་ཤུགས་ལ་མཐའ་གཅིག་ཏུ་འགོག་རྒོལ་བྱ་རྒྱུ་ཡིན། ཨ་མི་རི་ཀར་ཨི་རན་རྩ་མེད་གཏོང་རྒྱུའི་ཀུན་སློང་འབའ་ཞིག་ལས་མེད་ཅེས་སྲིད་འཛིན་ཌོ་ནལ་ཊོམ་གྱི་རྒོལ་གཏམ་ལ་དགག་པ་བརྒྱབ་སྟེ་ཨ་མི་རི་ཀས་བཙན་དྲག་བཀོལ་ནས་ཨི་རན་མགོ་གནོན་མི་ཐུབ་པའི་རྣམ་འགྱུར་ཞིག་བསྟན་མོད། འོན་ཀྱང་ཕྱི་ཟླ་༧་ཚེས་༢༢་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨི་རན་གྱི་འགོ་ཁྲིད་ཚོ་ཇག་ཚོགས་ལྟ་བུ་ཞིག་རེད། དེང་སྐབས་ཨི་རན་མི་དམངས་རྣམས་རྒྱལ་ཁབ་དེའི་འགོ་ཁྲིད་ཚོར་ཡིད་མ་ཚིམས་པར་ཡོད་པར་ཨ་མི་རི་ཀས་ཕྱོགས་གང་ཐད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཡིན་ཞེས་གཏམ་བཤད་པ་དང་། ཨི་རན་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་གཏམ་བཤད་དེ་ཨི་རན་གྱི་ནང་སྲིད་ལ་ཐེ་གཏོགས་བྱས་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག

XS
SM
MD
LG