ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་དཀར་ནག་གཉིས་དང་སིངྒ་ལ།


༄༅།། རྒྱ་གར་དང་སིངྒ་ལ་གཉིས་ལ་འདས་པའི་ལོ་སྟོང་ཕྲག་གི་རིང་ལ་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་སོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་པས་སིངྒ་ལ་རྒྱ་གར་བའི་ཤུགས་རྐྱེན་ཁྱབ་ཁོངས་ཀྱི་དཀྱིལ་འཁོར་དུ་འདུ་དགོས་པའི་བརྩི་སྲོལ་ཞིག་ཡོད་ཅིང་། རྒྱ་གར་ལས་ལྡོག་སྟེ་སིངྒ་ལ་དང་རྒྱ་ནག་གཉིས་ལ་སྤྱི་ལེ་སྟོང་ཕྲག་༥་ཡས་མས་ཤིག་གི་རྒྱང་ཁད་ཡོད་པ་དང་མི་རིགས་དག་སྐད་ཡིག ཆོས་ལུགས་དང་རིག་གཞུང་སོགས་ཕྱོགས་གང་ཐད་དུ་འབྲེལ་བ་དེ་ཙམ་མེད་ཀྱང་ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གིས་སིངྒ་ལར་ཨ་སྒོར་དུང་ཕྱུར་མང་པོའི་དཔལ་འབྱོར་རོགས་རམ་དང་མ་རྩ་བཙུགས་ནས་རྒྱ་ལམ་འཛུགས་སྐྲུན་དང་གྲུ་ཁ་འཛིགས་སྐྲུན། གནམ་ཐང་འཛུགས་སྐྲུན་དང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན། སིངྒ་ལར་གློག་ཁང་དང་སྨན་ཁང་སོགས་འཛུགས་སྐྲུན་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་བཏང་སྟེ། རྒྱ་ནག་གིས་སིངྒ་ལ་བརྒྱུད་ནས་རྒྱ་གར་ལ་གནོན་ཤུགས་ཐེབས་ཐུབ་པའི་ཐབས་ཇུས་ཤིག་འཛིན་གྱི་ཡོད་པ་རེད། སིངྒ་ལའི་སྲིད་འཛིན་སི་རི་སེ་ནས་ཉེ་ཆར་རྒྱ་ནག་གིས་ང་ཚོར་ཨ་སྒོར་དུང་ཕྱུར་༣་མ་ཟིན་ཙམ་ཞིག་བུ་ལོན་བསྐྱས་ནས་ང་ལ་འདོད་པ་ཡོད་པའི་ལས་གཞི་ཞིག་ལ་འགྲོ་གྲོན་གཏོང་ཆོག་ཅེས་བཤད་བྱུང་། ང་ཚོས་རྒྱལ་ས་ཀོ་ལོམ་བྷོ་ནས་སྤྱི་ལེ་༢༣༠་ཡས་མས་ཤིག་གི་མཚམས་སུ་ཡོད་པའི་གྲོང་རྡལ་ཞིག་ཏུ་མཁལ་མ་ནད་པའི་སྨན་ཁང་ཞིག་འཛུགས་སྐྲུན་བྱེད་ཀྱི་ཡོད་ཅེས་བཤད། ཐོག་མར་སིངྒ་ལའི་སྲིད་འཛིན་ཟུར་པ་ར་ཇི་པཀ་ས་ལས་ཀྱང་སྲིད་འཛིན་ལས་ཐོག་ཏུ་སི་རི་སེ་ན་རྒྱ་གར་ལ་སེམས་ཐག་ཉེ་བོ་མེད་པ་དང་རྒྱ་ནག་ལ་འབྲེལ་བ་འཛིན་རྒྱུར་དེ་ཙམ་དགའ་མོས་མེད་པའི་མི་ཞིག་ཡིན་པའི་ཚོད་དཔག་བྱས་ཀྱང་སྲིད་དོན་ཉམས་ཞིབ་པ་རྣམས་རྩིས་ནོར་ཐེབས་ཡོད་པའི་རྣམ་པ་ཞིག་མངོན། རྒྱ་ནག་གིས་སིངྒ་ལའི་སྲིད་འཛིན་ཟུར་པ་ར་ཇི་པཀ་སའི་སྐྱེས་ཡུལ་ཧམ་བྷན་ཏོ་ཏ་གྲོང་རྡལ་དུ་ཨ་སྒོར་དུང་ཕྱུར་༡༥་འགྲོ་གྲོན་བཏང་ནས་གནམ་ཐང་གསར་པ་ཞིག་དང་གྲུ་ཁ་གསར་པ་ཞིག་འཛུགས་སྐྲུན་བྱས་ཀྱང་སིངྒ་ལིའི་གཞུང་གིས་རྒྱ་ནག་ལ་བུ་ལོན་འཇལ་ཐུབ་མེད་པས་རྒྱ་ནག་གིས་བུ་ལོན་གྱི་ཚབ་ཏུ་སིངྒ་ལའི་གྲུ་ཁ་དེ་བླངས། རྒྱ་གར་གྱིས་སིངྒ་ལའི་བུ་ལོན་འཇལ་ནས་གནམ་ཐང་གསར་པ་དེ་རྒྱ་ནག་གི་ལག་ཏུ་མ་ཤོར། ད་ལྟ་སིངྒ་ལའི་སྲིད་འཛིན་སི་རི་སེ་ནས་ཀྱང་རྒྱ་ནག་ལ་འབྲེལ་བ་ཡག་ཏུ་གཏོང་གི་ཡོད་པ་དང་རྒྱ་ནག་གིས་སིངྒེ་ལའི་སྲིད་འཛིན་སི་རི་སེ་ནའི་སྐྱེས་ཡུལ་གྲོང་རྡལ་དེར་སྨན་ཁང་གསར་པ་ཞིག་འཛུགས་སྐྲུན་བྱས་འདུག དམག་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གིས་མ་ལ་ཀ་མཚོ་འགག་ནས་སིངྒ་ལ་བར་དུ་མཚོ་དམག་གི་རྟེན་གཞི་བཙུགས་ནས་རྒྱ་གར་རྒྱ་མཚོའི་ནང་དུ་རྒྱ་གར་མཐའ་སྐོར་གྱི་ཡོད་ཅིང་། ༢༠༡༤་ལོར་རྒྱ་ནག་གི་མཚོ་འོག་དམག་གྲུ་ཞིག་སིངྒ་ལའི་གྲུ་ཁ་ཞིག་ལ་བབས། ད་ལོ་སིངྒ་ལའི་གཞུང་གིས་རྒྱ་ནག་གི་མཚོ་འོག་དམག་གྲུ་རྣམས་སིངྒ་ལའི་གྲུ་ཁར་འབབ་རྒྱུ་དེར་མོས་མཐུན་བྱེད་ཀྱི་མེད་རུང་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་དེར་རྒྱ་ནག་གི་ཤུགས་རྐྱེན་ཐེབས་རྒྱུ་ལོ་རེ་བཞིན་ཤུགས་ཆེ་རུ་འགྲོ་བཞིན་འདུག་གོ​

XS
SM
MD
LG