ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་མི་འབོར་འཕེལ་འགྲིབ་དང་རྒན་རྒོན།


༄༅།། རྒྱ་ནག་གཞུང་གིས་བཟའ་ཚང་རེ་ལ་ཕྲུ་གུ་གཉིས་རེ་སྐྱེ་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ཀྱང་རྒྱ་ནག་གི་མི་འབོར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པ་དང་། ད་ལྟ་གསར་དུ་རྒྱ་ནག་གཞུང་གིས་མི་འབོར་འཕེལ་འགྲིབ་ཀྱི་ཞིབ་འཇུག་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱས་པ་ལྟར་ན་བུད་མེད་ཕྲུ་གུ་སྐྱེ་མཁན་དང་གཉེན་སྒྲིག་བྱེད་མཁན་གྱི་གྲངས་འབོར་ཉུང་དུ་སོང་ནས་རྒྱ་ནག་གི་སྤྱི་ཚོགས་སུ་རྒན་རྒོན་གྱི་མི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། དེར་བརྟེན་༢༠༣༠་ཡས་མས་སུ་རྒྱ་ནག་གི་མི་འབོར་བཞི་ཆའི་གཅིག་ལོ་ན་༦༠་ཡན་ཆད་དུ་སོན་པ་ཤ་སྟག་ཏུ་འགྱུར་སྲིད། མི་འབོར་འཕེལ་རྒྱས་འགགས་པའི་དཀའ་ངལ་སེལ་ཐབས་སུ་༢༠༡༦་ལོར་རྒྱ་ནག་གཞུང་གིས་༡༩༧༩་ལོ་ནས་ལག་ལེན་བསྟར་པའི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ། རྒྱ་ནག་གི་བཟའ་ཚང་རེ་ལ་ཕྲུ་གུ་གཉེས་རེ་སྐྱེ་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། སྔ་ལོ་གཅིག་པུར་རྒྱ་ནག་ལ་ཕྲུ་གུ་བྱེ་བ་༡་དང་ས་༧་ལྷག་སྐྱེས་ཀྱང་ལོ་ན་༦༠་བརྒལ་བའི་རྒན་རྒོན་གྱི་མི་གྲངས་དུང་ཕྱུར་༢་དང་བྱེ་བ་༤་ལྷག་འཕེལ། རྒྱ་ནག་གི་ནན་ཅིང་སློབ་གྲྭ་ཆེན་མོའི་མི་འབོར་འཕེལ་འགྲིབ་ཞིབ་འཇུག་པ་ཁྲེན་ཡུ་ཧྭས་བཤད་པ་ལྟར་ན་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ཉུང་དུ་སོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རྒྱ་ནག་རྒྱལ་ཡོངས་སུ་ཕྲུ་གུ་སྐྱེ་ཚད་ཀྱི་ལོ་ན་སོན་པའི་བུད་མེད་ཀྱི་གྲངས་འབོར་ཉུང་དུ་སོང་ཞིང་། དེང་སྐབས་རྒྱ་ནག་ལ་ན་གཞོན་གྱི་མི་གྲངས་ཉུང་བ་འདི་ལོ་རབས་༩༠་ནང་དུ་རྒྱ་ནག་ལ་མི་འབོར་འཕེལ་རྒྱས་འགྲོ་ཐུབ་མེད་པའི་ཉེར་ལེན་ལ་འབྲེལ་བ་འདུག ད་དུང་རྒྱ་ནག་གི་ན་གཞོན་ཚོས་གཉེན་སྒྲིག་གི་ལོ་ཚད་ཕར་འགྱངས་བྱེད་ཀྱི་ཡོད་པ་དང་གཉེན་སྒྲིག་མ་བྱས་པར་ཕོ་རྐྱང་མོ་རྐྱང་དུ་འཚོ་གནས་བྱེད་མཁན་ཇེ་མང་དུ་སོང་བ་སོགས་ལའང་འབྲེལ་བ་འདུག ཡིན་ནའང་རྒྱ་ནག་གི་མི་འབོར་འཕེལ་རྒྱས་འགྲོ་མི་ཐུབ་པའི་འགག་རྩ་འདས་པོའི་ལོ་༣༧་གྱི་རིང་ལ་རྒྱ་ནག་རྒྱལ་ཡོངས་སུ་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་པར་ཐུག་འདུག་ཟེར། ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་མི་དམངས་ལ་ཕྲུ་གུ་ཅི་ཙམ་སྐྱེ་རུ་འཇུག་འདོད་ཡོད་ཀྱང་སྐྱེ་རུ་འཇུག་དགོས་ཞེས་སྐད་འབོད་བྱེད་ཀྱི་ཡོད་པ་ལག་ལེན་བསྟར་ན་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱས་པ་ཞིག་ཡིན་མོད། འོན་ཀྱང་རྒྱ་ནག་མི་དམངས་ལ་ཕྲུ་གུ་མང་པོ་སྐྱེ་དགོས་པ་དང་ཁྱིམ་ཚང་ཆེན་པོ་བསྐྱང་རྒྱུ་དེ་ལ་སྐུལ་ལྕག་མི་ཐེབས། རྒྱ་ནག་གི་བཟའ་ཚང་ཚོས་ཕྲུ་གུ་མང་པོ་སྐྱེ་རུ་འཇུག་གི་མེད་པའི་རྒྱུ་མཚན་ཆེ་ཤོས་དེ་བུ་ཕྲུག་གི་ཤེས་ཡོན་སློབ་སྦྱོང་ལ་འགྲོ་གྲོན་ཆེ་དྲགས་པ་དང་འཚོ་བའི་འགྲོ་གྲོན་ཆེ་དྲགས་པར་བརྟེན། མི་ཁག་ཅིག་གིས་ཕྲུ་གུ་མང་པོ་སྐྱེས་པའི་བཟའ་ཚང་དེ་ཚོར་སྲིད་གཞུང་གིས་དཔྱ་ཁྲལ་ཆག་ཡངས་ཀྱི་ཁེ་ཕན་སྤྲོད་དགོས་ཟེར་ཀྱང་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ལ་འགྱུར་བ་ཐེབས་མི་ཐུབ་པར་མ་ཟད། ཕྲུ་གུ་མང་དུ་སོང་ན་རྒྱ་ནག་གཞུང་དང་སྤྱི་ཚོགས་གཉིས་ཀར་དཀའ་ངལ་ཆེ་རུ་འགྲོ་སྲིད། རྒྱ་ནག་གི་རྒན་རྒོན་རྣམས་གསོ་ཐུབ་པའི་ན་གཞོན་གྱི་མི་འབོར་འཕེལ་རྒྱས་འགྲོ་ཐུབ་རྒྱུ་དེ་བས་ཀྱང་ཁག་པོ་ཡིན་ཞེས་བཤད།

༢༠༡༣་ལོར་རྒྱ་ནག་གི་དམངས་སྲིད་ལྷན་ཁང་ལ་གཉེན་སྒྲིག་གི་ཐོ་འགོད་བྱེད་མཁན་མི་གྲངས་ས་ཡ་༤་དང་འབུམ་༣་བྱུང་ཞིང་། ད་ལོ་རྒྱ་ནག་གི་དམངས་སྲིད་ལྷན་ཁང་ལ་གཉེན་སྒྲིག་གི་ཐོ་འགོད་བྱེད་མཁན་མི་གྲངས་ས་ཡ་༣་ལས་བྱུང་མེད་པ་སྟེ། སྔ་ལོ་རྒྱ་ནག་གི་ཉིང་ཞ་ཧུས་རིགས་རིང་སྐྱོང་ཁུལ་དུ་གཉེན་སྒྲིག་བྱེད་མཁན་བརྒྱ་ཆ་༡༣་ཉུང་དུ་སོང་བ་དང་ཧྲན་ཤི་ཞིང་ཆེན་ལ་གཉེན་སྒྲིག་བྱེད་མཁན་བརྒྱ་ཆ་༡༢་ཉུང་དུ་སོང་འདུག རྒྱ་ནག་གི་བཟོ་ལས་ཀྱི་ལྟེ་གནས་ལེའི་ནིང་དང་ཧེ་ལུང་ཅང་། ཅི་ལིན་ཞིང་ཆེན་བཅས་སུ་དམིགས་བསལ་གྱི་ལོ་ན་༦༠་ཡན་ཆད་བརྒལ་བའི་རྒན་རྒོན་མི་གྲངས་ཇེ་མང་ལ་སོང་། ལེའོ་ནིང་ཞིང་ཆེན་གྱི་མི་འབོར་བརྒྱ་ཆ་༢༠་ལྷག་ལོ་ན་༦༠་ཡན་ཆད་ཀྱི་རྒན་རྒོན་ཡིན་པས་བདུན་ཕྲག་སྔོན་མའི་གཟའ་མཇུག་དེར་ཞིང་ཆེན་སྲིད་གཞུང་གིས་ཕུགས་རྒྱང་རིང་པོར་དམིགས་ནས་བཟའ་ཚང་རེར་ཕྲུ་གུ་གཉིས་རེ་སྐྱེ་ཐབས་སུ་ཨ་མ་དེས་གུང་སེང་ཡུན་རིང་ལེན་ཆོག་པའི་སྲིད་ཇུས་ཤིག་ལ་གྲོས་བསྡུར་བྱེད་ཀྱི་ཡོད་རུང་། རྒྱ་ནག་གི་སྤྱི་ཚོགས་སུ་གཞུང་གིས་སྤྲོད་ཀྱི་ཡོད་པའི་ཁེ་ཕན་དང་བུ་ཕྲུག་གསོ་སྐྱོང་གི་འགྲོ་གྲོན་གཉིས་ཁ་མི་མཚུངས་པའི་རྩ་བའི་དཀའ་ངལ་སེལ་ཐུབ་དཀའ། རྒྱ་ནག་གི་ས་གནས་ཁག་ཅིག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཁག་ཅིག་གིས་ཕྲུ་གུ་རེ་ལོ་ལྟར་སྲིད་གཞུང་གིས་མི་དམངས་ཤོག་སྒོར་༡༠༠༠་རེ་རོགས་དངུལ་སྤྲོད་དགོས། ཕྲུ་གུ་གཉིས་རེ་སྐྱེས་ཡོད་པའི་ཕ་མ་ཚོར་སྲིད་གཞུང་གི་དཔྱ་ཁྲལ་ཆག་ཡངས་གཏོང་དགོས་ཞེས་བསམ་འཆར་བཏོན་ཡང་ད་སྔ་རྒྱ་ནག་གཞུང་གིས་ཕྲུ་གུ་མང་བ་སྐྱེས་པའི་ཕ་མ་ཚོར་དཔྱ་ཁྲལ་ཆག་ཡངས་དང་འཚོ་བའི་རོགས་དངུལ་སྤྲོད་རྒྱུའི་སྲིད་ཇུས་གང་ཡང་གཏན་འབེབས་བྱས་མེད་པར་སྣང་ངོ་།།

XS
SM
MD
LG