ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་དང་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པོ་དམ་པ་དེ་ཉིད་ཀྱི་ཆུང་མ་ལིའུ་ཞ་རྒྱ་ནག་གཞུང་གིས་ལོ་མང་རིང་རང་ཁྱིམ་ལ་བཟང་བཙོན་དུ་བཅུག ཕྱི་ཟླ་༧་ཚེས་༡༠་ཉིན་རྒྱ་ནག་གཞུང་གིས་ལིའུ་ཞ་ཕྱི་རྒྱལ་ལ་སྨན་བཅོས་བྱེད་དུ་བཏང་སྟེ་ཡུ་རོབ་རྒྱལ་ཁབ་འཇར་མན་ཎིར་བདེ་འབྱོར་བྱུང་ཞིང་། ཕྱི་ཟླ་༧་ཚེས་༡༢་ཉིན་འཇར་མན་གཞུང་གིས་ང་ཚོས་ལིའུ་ཞ་འཇར་མན་ཎིར་གནས་སྡོད་བྱེད་ཆོག་པ་དང་ཆེད་ལས་གཉེར་ཆོག་པའི་ཆོག་མཆན་སྔོན་ནས་སྤྲད་ཟིན་ཡོད་པས་ཁོ་མོས་སླར་ཡང་འཇར་མན་གཞུང་ལ་སྲིད་དོན་སྐྱབས་བཅོལ་བའི་ཐོབ་ཐང་ཞུ་དགོས་དོན་མེད། ལིའུ་ཞ་འཇར་མན་ཎིར་གཏན་སྡོད་བྱེད་ཆོག་ཅེས་བསྒྲགས། འཇར་མན་ཎིའི་སྲིད་བློན་ཨན་གྷི་ལ་མར་ཀེལ་གྱི་མགྲིན་ཚ་པ་ཞིག་གིས་ལིའུ་ཞ་འཇར་མན་ཎིར་བདེ་འབྱོར་བྱུང་བར་ང་ཚོ་དགའ་ཚོར་བྱུང་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ད་ལྟ་ལིའུ་ཞ་འཇར་མན་གཞུང་གིས་གོ་སྒྲིག་བྱས་པའི་ཁང་པ་ཞིག་གི་ནང་དུ་བསྡད་པར་མ་ཟད། གཟའ་པ་སངས་ཉིན་རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ལིའུ་ཞའོ་པོ་འདས་གྲོངས་སུ་གྱུར་ནས་ལོ་གཅིག་འཁོར་པའི་རྗེས་དྲན་གྱི་དུས་ཚིགས་ཡིན་རུང་ལིའུ་ཞ་འདས་མཆོད་དུས་ཚིགས་དེར་མཉམ་ཞུགས་བྱ་འཆར་ཡོད་མེད་ངེས་གཏན་མེད་ཅིང་། འཇར་མན་ཎིའི་སྨན་པ་ཚོས་ལིའུ་ཞ་ལ་རྒྱ་ནག་གི་སྨན་པ་ཚོས་སྤྲད་པའི་སྨན་རྣམས་གཏོང་མཚམས་འཇོག་དགོས། ཁོ་མོར་འཇར་མན་ཎིའི་སྨན་པ་ཚོས་བརྟག་དཔྱད་བྱས་ནས་སྲོག་རླུང་དང་ལུས་ཁམས་བདེ་ཐང་ཡིན་མིན་ལ་ཞིབ་འཇུག་བྱས་ནས་སྨན་སྤྲོད་ཆོག རྒྱ་ནག་གི་སྨན་པ་ཚོས་སྤྲད་པའི་སྨན་རྣམས་ལིའུ་ཞའི་ལུས་ཁམས་ལ་འཕྲོད་མིན་མི་ཤེས་ཞེས་སློབ་སྟོན་བྱས་འདུག རྒྱ་ནག་གཞུང་གིས་ལིའུ་ཞ་རང་ཁྱིམ་ལ་ལོ་མང་རིང་བཟང་བཙོན་དུ་བཅུག་ནས་སྲོག་རླུང་འཕར། ལིའུ་ཞ་ལུས་ཁམས་བདེ་ཐང་མེད་པ་དང་ཟུངས་ཤུགས་ཡོངས་སུ་ཟད་ཡོད་པས་ལིའུ་ཞའོ་པོ་འདས་གྲོངས་སུ་གྱུར་ནས་ལོ་འཁོར་དུས་མཆོད་ལ་མཉམ་ཞུགས་བྱ་ཐུབ་རྒྱུ་ཐེ་ཚོམ་ཡིན་ཞིང་། འཇར་མན་ཎིའི་རྒྱལ་ས་བྷར་ལིན་དུ་གནས་སྡོད་རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་དང་རྩོམ་པ་པོ་ལེའོ་དབྱི་ཝུ་དང་ལིའུ་ཞ་གཉིས་ཐུག་འཕྲད་བྱས་ནས་དུས་ཡུན་ཆུ་ཚོད་འགའ་ཞིག་ལ་ཁ་བརྡ་བྱས་ཡོད་པ་ལས་ལིའུ་ཞ་འཇར་མན་ཎིར་འབྱོར་ནས་བཟུང་སྟེ་མི་གཞན་ལ་ཐུག་མེད་སྐད། ལིའུ་ཞ་ལ་ཁ་བརྡ་བྱས་པའི་རྗེས་སུ་ལེའ་དབྱི་ཝུས་གསར་འགོད་པ་ཚོར་ལིའུ་ཞ་རྣམ་རིག་གསལ་བོ་འདུག་ཀྱང་ལུས་ཟུངས་ཟད་འདུག ང་ཚོ་ཤོད་ལ་དགོང་ཟས་ཟ་རུ་འགྲོ་དུས་ལིའུ་ཞ་ཅུང་ཙམ་མིན་ན་མགོ་ཡོམ་འཁོར་ནས་རིལ་གྲབས་བྱས་བྱུང་། ཁོ་མོའི་སེམས་ཁམས་ལའང་གློ་བུར་གྱི་འགྱུར་ལྡོག་སྣ་ཚོགས་ཤིག་ཐེབས་ཀྱིན་འདུག ང་ཚོ་ཚང་མས་ལིའུ་ཞ་དྲག་སྐྱེད་འབྱུང་དུ་འཇུག་རྒྱུ་གལ་འགངས་ཆེན་པོར་བརྩི་དགོས་ཞེས་བཤད། ལིའུ་ཞ་ནི་སྙན་ངག་པ་དང་རི་མོ་བ། པར་པ་བཅས་ཆེད་ལས་འདྲ་མིན་ལ་བྱང་ཆ་ཡོད་པའི་མི་ཞིག་ཡིན་མོད། འོན་ཀྱང་ཁོ་མོའི་ཁྱོ་ག་ལིའུ་ཞའོ་པོ་ལ་༢༠༡༠་ལོའི་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་རྗེས་སུ་རྒྱ་ནག་གཞུང་གིས་ལིའུ་ཞའོ་པོ་ལ་ལོ་༡༡་གི་བཙོན་འཇུག་ཁྲིམས་ཐག་བཅད། ལིའུ་ཞ་པེ་ཅིང་གི་རང་ཁྱིམ་དུ་ཕྱི་ལ་བསྐྱོད་མི་ཆོག་ཅེས་བཟང་བཙོན་ལ་བཅུག ན་ནིང་ཕྱི་ཟླ་༧་ཚེས་༡༣་ཉིན་ལིའུ་ཞའོ་པོ་རྒྱ་ནག་གི་སྨན་ཁང་ཞིག་ཏུ་ལོ་ན་༦༡་གི་ཐོག་ཏུ་སྐྲན་ནད་ཀྱིས་རྐྱེན་པས་འདས་གྲོངས་སུ་གྱུར། ད་ལོའི་མགོ་སྟོད་དེར་ལིའུ་ཞ་ལ་སྲོག་རླུང་འཕར་པེ་ཅིང་གི་རང་ཁྱིམ་དུ་རང་སྲོག་གཅོད་གྲབས་བྱེད་ཡོད་པའི་གནས་ཚུལ་ཐོན། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་ལིའུ་ཞ་རང་ཡུལ་ནས་ཡུ་རོབ་རྒྱལ་ཁབ་འཇར་མན་ཎིར་རྒྱང་ཕུད་བཏང་ངོ་།།

XS
SM
MD
LG