ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཆེས་མཐོའི་ཁྲིམས་ཞིབ་པའི་འོས་མི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཨན་ཐོ་ཎི་ཁེ་ཎི་ཌི་བགྲེས་ཡོལ་ལ་ཕེབས། ཁོང་གི་ཚབ་ལ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཁྲིམས་ཞིབ་པ་ཁེ་ཝྭ་ནོ་འོས་མིར་བདམས། ཁ་སང་གཟའ་ཟླ་བའི་དགོང་མོར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཕོ་བྲང་དཀར་པོར་གསར་འགོད་ལྷན་ཚོགས་བསྐོངས་ནས་ཁྲིམས་ཞིབ་པ་ཁེ་ཝྭ་ནོ་གསར་འགོད་པ་ཚོར་མཚམས་སྦྱོར་ཞུས། སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཆེས་མཐོའི་ཁྲིམས་ཁང་གི་ས་མིག་དེར་ཁྲིམས་ཞིབ་པ་ཁེ་ཝྭ་ནོ་ལས་ལྷག་པའི་འོས་ཤིང་འཚམས་པའི་ཨ་མི་རི་ཀ་བ་སུ་གཅིག་ཀྱང་མི་འདུག ཁྲིམས་ཞིབ་པ་ཁེ་ཝྭ་ནོ་ཁྱད་དུ་འཕགས་པའི་ཁྲིམས་དོན་སྲི་ཞུ་བ་ཞིག་ཡིན། ཁོང་གིས་མི་ཚེ་ཧྲིལ་བོར་སྤྱི་དམངས་ལ་སྲི་ཞུ་བསྒྲུབས་ཡོད་ཅེས་བསྔགས་པ་བརྗོད། ད་ལྟ་ལོ་ན་༥༣་ལ་སོན་པའི་ཁྲིམས་ཞིབ་པ་ཁེ་ཝྭ་ནོས་འདས་པའི་ལོ་༡༢་ཀྱི་རིང་ལ་དབུས་ཁྲིམས་ཁང་ཞིག་ཏུ་སྲི་ཞུ་བསྒྲུབས་ནས་ཁྲིམས་ལུགས་ལ་བྱང་ཆ་ཡོད་པར་མ་ཟད། ཁོ་པ་ཨ་མི་རི་ཀའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྩོད་གླེང་ཁག་ལ་རྒྱུས་མངའ་ཟབ་མོ་ཡོད་ཀྱང་ཁྲིམས་ཞིབ་པ་ཁེ་ཝྭ་ནོ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་བ་ཞིག་ཡིན་པས་སྔོན་ཆད་ཨ་རིའི་དབུས་གཞུང་གི་བཀག་ཉར་འོག་ཏུ་ཡོད་པའི་ཁྲིམས་འགལ་གྱི་ཕྱི་མི་ཡུལ་སྤོར་པ་ན་གཞོན་མ་ཞིག་གིས་རང་གི་མངལ་ལ་ཆགས་པའི་ཕྲུ་གུ་ལེན་རྒྱུ་ཡིན་ཞེས་ཞུས་ཀྱང་ཁྲིམས་ཞིབ་པ་ཁེ་ཝྭ་ནོས་ན་གཞོན་མ་དེར་མངལ་གྱི་ཕྲུ་གུ་ལེན་ཆོག་པའི་ཐོབ་ཐང་མེད་ཅེས་ཐག་བཅད་པར་བརྟེན། སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཁྲིམས་ཞིབ་པ་ཁེ་ཝྭ་ནོ་ཨ་མི་རི་ཀའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པའི་འོས་མིར་བདམས་པར་ཨ་རིའི་དམངས་གཙོ་ཚོགས་པ་དང་བུད་མེད་ཀྱི་ཐོབ་ཐང་ཚོགས་པ་ཁག ཨ་མི་རི་ཀའི་གུ་ཡངས་ཀྱི་ལྟ་བ་འཛིན་པའི་ཚོགས་པ་དང་ཡེ་ཤུའི་ཆོས་དད་པ་མ་ཡིན་པའི་གྲངས་ཉུང་མི་རིགས་ཁག་ལ་བློ་འཚབ་ཆེན་པོ་ཡོང་གི་ཡོད་ཅིང་། ཕྱི་ཟླ་༧་ཚེས་༡༠་ནས་འོས་མི་ཁེ་ཝྭ་ནོས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོར་ཐུག་འཕྲད་བྱས་ནས་རང་གི་ལྟ་བ་དང་ལངས་ཕྱོགས་རྣམས་གསལ་སྟོན་བྱ་དགོས། དེང་སྐབས་ཨ་རིའི་སྤྱི་མཐུན་ཚོགས་པར་གྲོས་ཚོགས་གོང་མའི་ནང་དུ་འཐུས་མི་༥༡་དང་དམངས་གཙོ་ཚོགས་པར་འཐུས་མི་༤༩་ལས་མེད། དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་གཅིག་གིས་ཀྱང་ཁྲིམས་ཞིབ་པ་ཁེ་ཝྭ་ནོ་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པར་བསྐོ་བཞག་བྱ་དགོས་པའི་འོས་ཤོག་འཕེན་དཀའ། གལ་སྲིད་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་ཁྲིམས་ཞིབ་པ་ཁེ་ཝྭ་ནོ་ལ་རྒྱབ་སྐྱོར་གྱི་འོས་ཤོག་མ་འཕངས་ན་སྲིད་འཛིན་ཌོ་ནལ་ཊོམ་གྱིས་འོས་མིར་བཏོན་པའི་མི་དེ་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་བསྐོ་བཞག་བྱ་ཐུབ་རྒྱུ་མིན་ཞིང་། ལྷག་པར་དུ་ལོ་འདིའི་ཕྱི་ཟླ་༡༡་པའི་ནང་དུ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་རྣམས་དང་གྲོས་ཚོགས་གོང་མའི་འཐུས་མི་གསུམ་ཆའི་གཅིག་གསར་དུ་འོས་འདེམས་བྱ་དགོས་པས། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཕྱི་ཟླ་༡༡་པའི་འོས་འདེམས་ལ་དམིགས་ནས་རང་གི་ས་ཁུལ་གྱི་མི་དམངས་རྣམས་འདོད་པ་མེད་པའི་འོས་མི་ཞིག་ལ་རྒྱབ་སྐྱོར་བྱ་རྒྱུ་ཁག་པོ་ཡིན། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ལ་རྙིང་ཞེན་ཅན་གྱི་ཁྲིམས་ཞིབ་པ་ཅི་ཙམ་མང་དུ་སོང་ན་དེ་ཙམ་གྱིས་བུད་མེད་ཀྱི་མངལ་གྱི་ཕྲུ་གུ་ལེན་ཆོག་པའི་ཐོབ་ཐང་རྩོད་ལེན་པ་དང་གུ་ཡངས་ཅན། གྲངས་ཉུང་མི་རིགས་བཅས་ཀྱི་ཐོབ་ཐང་ལ་བརྩི་མེད་གཏོང་སྲིད་པའི་བློ་འཚབ་ཆེ་རུ་འགྲོ་བཞིན་ཡོད་པ་སྟེ། ཉེ་ཆར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཁ་ཆེ་རྒྱལ་ཁབ་ཁག་ཅིག་གི་སྤྱི་དམངས་རྣམས་ཨ་མི་རི་ཀར་ཡོང་མི་ཆོག་པའི་བཀག་སྡོམ་སྲིད་ཇུས་ཤིག་ལག་ལེན་བསྟར་པར་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ཁྲིམས་འགལ་མ་རེད་ཅེས་ཐག་བཅད། དེ་ནས་བཟུང་སྟེ་ཨ་མི་རི་ཀའི་སྤྱི་ཚོགས་སུ་གཡོ་ཁྲམ་གྱི་སྒོ་ནས་ཨ་མི་རི་ཀའི་སྤྱི་དམངས་སུ་གྱུར་པའི་ཕྱི་མི་ཡུལ་སྤོར་པ་རྣམས་ཀྱི་ཨ་རིའི་སྤྱི་དམངས་ཐོབ་ཐང་སྲིད་གཞུང་གིས་ཕྱིར་བསྡུ་བྱ་ཆོག་ཅེས་ཆེས་མཐོའི་ཁྲིམས་ཁང་གིས་ཐག་གཅོད་བྱ་དགོས་པའི་གླེང་སློང་བྱེད་ཀྱི་ཡོད་ཅིང་། དེར་བརྟེན་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ལ་རྙིང་ཞེན་ཅན་དང་མི་རིགས་དཀར་པོ་མཆོག་འཛིན། ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་པ་སོགས་ཁོ་ན་མིན་པར་བུད་མེད་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་འཇོག་བྱེད་མཁན་གྱི་ཁྲིམས་ཞིབ་པ་དོ་མཉམ་ཞིག་མེད་ན་ཨ་མི་རི་ཀའི་བུད་མེད་དང་གྲངས་ཉུང་མི་རིགས། ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲང་བ་མིན་པའི་སྤྱི་དམངས་རྣམས་ཀྱི་ཐོབ་ཐང་ཁག་རྡོག་བརྫིས་གཏོང་སྲིད་པའི་ཉེན་ཀ་ཡོད་དོ།།

XS
SM
MD
LG