ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པ་སྒེར་པ་ཚོས་ཁོར་ཡུག་སྲུང་སྐྱོབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་བོད་ལ་དབང་སྒྱུར་བྱས་ནས་བཟུང་སྟེ་གཏེར་ཁ་སྔོག་འདོན་སོགས་ཀྱི་དབང་གིས་བོད་ས་ཡོངས་སུ་རང་བྱུང་ཁོར་ཡུག་ལ་ཉམས་ཆག་ཆེན་པོ་བྱུང་མོད། འོན་ཀྱང་ཉེ་བའི་ལོ་ཤས་ཤིག་ནས་བོད་ཀྱི་ས་ཆ་གང་སར་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་གྱི་དང་བླངས་པ་མང་པོ་ཞིག་བྱུང་ནས་རྩྭ་ས་བྱེ་འགྱུར་དང་ཆུ་མགོ་བཙོག་བཟོ་ལ་བཀག་འགོག རི་སྐྱེས་སྲོག་ཆགས་སོགས་ལ་སྲུང་སྐྱོབ་བྱེད་པའི་ཐད་དུ་གྲུབ་འབྲས་ཆེན་པོ་ཐོབ། ཉེ་ཆར་མཚོ་སྔོན་གསར་འགྱུར་དྲྭ་བར་གནས་ཚུལ་ཐོན་པར་གཞིགས་ན་ལོ་ན་༧༢་ལ་སོན་པའི་བགྲེས་སོང་སྤུ་རྒྱལ་གྱིས་ལོ་ངོ་༡༥་ཡས་མས་ཤིག་གི་རིང་དུ་དང་བླངས་ཀྱི་སྒོ་ནས་བྱེ་ཐང་དུ་སྡོང་ཕྲུག་བཙུགས་ནས་བྱེ་ས་ལྗང་མདོག་ཅན་དུ་བསྒྱུར་ནས་ཁོར་སྲུང་སྐྱོབ་ལ་གྲུབ་འབྲེས་གང་ལེགས་ཐོབ་པའི་གནས་ཚུལ་ཐོན་འདུག ཁོར་ཡུག་སྲུང་སྐྱོབ་པ་སྤུ་རྒྱལ་ནི་མཚོ་ལྷོ་ཁུལ་གྱི་མང་ར་ལོ་བ་ཞོལ་མ་ཞེས་པའི་གྲོང་ཚོ་དེའི་མི་ཞིག་ཡིན་ཞིང་། བགྲེས་སོང་དེར་རྒྱུས་མངའ་ཆེན་པོ་ཡོད་པའི་མུ་གེ་ཐང་ཞེས་པ་ནི་དོ་བདག་ལོ་ན་ཆུང་དུས་རྩྭ་ས་བཟང་བའི་ས་ཆ་ཞིག་ཡིན་རུང་རིམ་བཞིན་རྩྭ་ས་ཟད་ནས་བྱེ་སར་གྱུར། ལོ་བཅུ་གྲངས་ཤིག་གི་སྔོན་དེར་བགྲེས་སོང་སྤུ་རྒྱལ་གྱིས་བྱེ་སར་འགྱུར་བཞིན་པའི་གནས་སྟངས་དེ་ཉིད་འགོག་མ་ཐུབ་ན་ཕྱིས་སུ་ཚབས་ཆེན་ཞིག་ཏུ་འགྱུར་སྲིད་སྙམ་པའི་དགོངས་པ་བཞེས་ནས་རང་གིས་མི་ཚེའི་ཕྱེད་ཙམ་ལ་གསོག་འཇོག་བྱས་པའི་དངུལ་སྒོར་གྱིས་སྡོང་ཕྲུག་ཉོས། སྤྱི་ལོ་༢༠༠༠་གི་དབྱར་དུས་ནས་ཁྱིམ་ཚང་དེའི་བཟའ་མི་རྣམས་དང་སྡེ་མི་བརྒྱ་ལྷག་གིས་བྱེ་ཐང་དུ་སྡོང་ཕྲུག་འཛུགས་རྒྱུའི་ལས་མགོ་བརྩམས། ད་ལྟ་ལོ་༡༥་ལྷག་ལ་ནགས་འཛུགས་བྱེ་འགོག་གི་ལས་དོན་རྒྱུན་འཁྱོངས་བྱས་ནས་མང་རྫོང་མུ་གེ་ཐང་ཞེས་པའི་ས་ཁྱོན་སྤྱི་ཆིང་དྲུག་བརྒྱ་ཙམ་ལ་སྡོང་ཕྲུག་བཙུགས་ནས་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་ལེགས་སྐྱེལ་ཕུལ། གཞན་ཡང་མཛོད་དགེའི་པྲ་ཁྱོམ་དཔལ་བཟང་ཞེས་པའང་རྩྭ་ས་བྱེ་འགྱུར་སྔོན་འགོག་བྱེད་མཁན་མིང་གྲགས་ཅན་ཞིག་ཡིན་ཞིང་། ཁོང་གིས་ལོ་མང་རིང་དུ་མཛོད་དགེའི་རྩྭ་ཐང་དུ་བྱེ་སར་གྱུར་ཡོད་པའི་བྱེ་ཐང་རྒྱ་ཆེན་པོ་ཞིག་ལ་བསྐྱར་དུ་རྩྭ་བཏབ་པ་དང་ཤིང་སྡོང་འཛུགས་པ་སོགས་ཀྱི་ཚོད་ལྟ་ཐེངས་མང་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ། ཁོང་གིས་ལོ་མང་རིང་ལ་དཀའ་ལས་བརྒྱབ་པའི་འབྲས་བུར་མཚོ་སྔོན་བརྙན་འཕྲིན་ཁང་གིས་བཟོས་པའི་དངོས་བཤུས་གློག་བརྙན་ང་ཡི་མཛོད་དགེ་རྩྭ་ཐང་ཞེས་པ་སོགས་རྒྱ་བོད་སྐད་རིགས་གཉིས་ལ་ཕབ་སྐྲུན་བྱས་པའི་དངོས་བཤུས་གློག་བརྙན་ཡང་ཁག་ཅིག་ཡོད་པ་རེད། ཁོས་མཛོད་དགེའི་གསེར་མཚོའི་ཁ་སོགས་སུ་བྱེ་སར་གྱུར་ཡོད་པའི་ས་ཆར་སྤྱི་ལོ་༢༠༡༠་ཡས་མས་སུ་རྩྭ་དང་སྡོང་ཕྲུག་འདེབས་མགོ་བརྩམས། ད་ལྟ་མཛོད་དགེ་རྩྭ་ཐང་གི་བྱེ་ས་རྒྱ་ཆེན་པོ་ཞིག་རྩྭ་སར་བསྒྱུར་ནས་གྲུབ་འབྲས་ཆེན་པོ་ཐོབ། དེ་བཞིན་མཚོ་སྔོན་པོའི་ཁོར་ཡུག་སྲུང་སྐྱོབ་པ་ཅེས་མིང་དུ་གྲགས་པའི་རྣམ་རྒྱལ་གྱིས་ཀྱང་རང་གི་མི་ཚེའི་ཕྱེད་ཀ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་འབའ་ཞིག་ལ་བསྟིམས། མཚོ་སྔོན་པོའི་ཁོར་ཡུག་སྲུང་སྐྱོབ་པ་རྣམ་རྒྱལ་ཞེས་པའི་དངོས་བཤུས་གློག་བརྙན་ལྟར་ན་དོ་བདག་གིས་ལོ་མང་རིང་ལ་དང་བླངས་ཀྱི་སྒོ་ནས་མཚོ་སྔོན་པོའི་ནང་གི་གསེར་ཉྭ་སྲུང་སྐྱོབ་ཀྱི་ལས་དོན་བསྒྲུབས་ཡོད་པར་མ་ཟད། ཁོང་གི་བཟའ་མི་རྣམས་དང་དེ་མིན་གྱི་དང་བླངས་པ་གཞན་རྣམས་སྣེ་ཁྲིད་ནས་མཚོ་སྔོན་པོའི་མཚོ་ནང་དང་མཚོ་མཐའི་གད་སྙིགས་གཙང་སྦྲ། མཚོ་སྔོན་པོའི་ཉེ་འཁྲིས་ཀྱི་བྱེ་ས་སྔོན་འགོག་སོགས་ཀྱི་ལས་དོན་རྒྱ་ཆེན་པོ་བསྒྲུབས། ཉེ་དུས་ཤིག་ནས་པྲ་ཁྱོམ་དཔལ་བཟང་སོགས་ཁོར་ཡུག་སྲུང་སྐྱོབ་པ་རྣམས་མཉམ་འབྲེལ་གྱིས་མཚོ་སྔོན་པོའི་ཉེ་འཁྲིས་ཀྱི་བྱེ་སར་སྡོང་འཛུགས་ནགས་སྐྲུན་གྱི་ལས་གཞི་རྒྱ་ཆེན་པོ་ཞིག་སྤེལ། བོད་ཀྱི་ཁོར་ཡུག་དང་འདབ་ཆགས་སྲུང་སྐྱོབ་པ་འཇུ་བཀྲ་ཤིས་བཟང་པོས་ཀྱང་གཉན་པོ་གཡུ་རྩེའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་བཙུགས་ཏེ་ལོ་ངོ་མང་པོར་ཁོར་ཡུག་སྲུང་སྐྱོབ་དང་འདབ་ཆགས་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་སྟེ་མི་ཚོས་ཁོར་ཡུག་དང་འདབ་ཆགས་སྲུང་སྐྱོབ་པ་འདིར་བྱ་བླ་མ་ཞེས་འབོད། གཞན་ཡང་ཨ་ཆེན་གངས་རྒྱབ་ཀྱི་ཁོར་ཡུག་དང་རི་དྭགས་སྲུང་སྐྱོབ་པ་ཧ་ཤུལ་བཀྲ་ཤིས་རྡོ་རྗེས་ཀྱང་ཨ་ཆེན་གངས་རྒྱབ་གཙོས་བོད་ཀྱི་ཁོར་ཡུག་དང་རི་དྭགས་ལ་སྲུང་སྐྱོབ། ཁོང་གིས་སྒྲུབ་བཞིན་པའི་ལས་དོན་དེར་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་ཞུས་ནས་ལོ་མང་རིང་ཉམས་ཞིབ་ཀྱི་ལས་དོན་བསྒྲུབས། ད་དུང་རྒྱ་གར་ནས་བོད་ལ་ཕྱིར་ལོག་གནང་བའི་ཨ་མཆོག་མཚན་ཉིད་དགོན་གྱི་དགོན་བདག་ཨ་མཆོག་རིན་པོ་ཆེས་ཀྱང་སྒར་གྲོང་གཉིས་ཀྱི་མི་དམངས་ལ་སྣེ་ཁྲིད་ནས་སྡོང་འཛུགས་ནགས་སྐྲུན་གནང་བཞིན་པ་སོགས་ནི་བོད་ཀྱི་དམངས་ཁྲོད་དུ་དང་བླངས་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཇེ་མང་དང་། གོང་སྨྲོས་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དེ་དག་གི་སྣེ་ཁྲིད་འོག་ཏུ་ཉེ་བའི་ལོ་ཤས་ཤིག་ནས་བོད་ས་མང་དག་ཅིག་ཏུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་སྐུལ་ལྕག་ཆེན་པོ་ཐེབས་སོ།།

XS
SM
MD
LG