ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༡/༡༨

བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས།


༄༅།།ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སེངྒ་པུར་དུ་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་ཌོ་ནལ་ཊོམ་གྱིས་འཛམ་གླིང་འདི་སྔར་བཞིན་རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་འབྱུང་སྲིད་པའི་ཉེན་ཀ་ཅན་ཞིག་མིན། ཅིའི་ཕྱིར་ཞེ་ན་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་རང་གི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་རྣམས་མེད་པར་གཏོང་རྒྱུའི་ཁས་ལེན་བྱས་སོང་ཞེས་བཤད་ཀྱང་བྱང་ཀོ་རི་ཡའི་གཞུང་གིས་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་གི་མེད་པའི་ཁར། ད་དུང་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་གྲྭ་གཙོ་བོ་རྒྱ་སྐྱེད་གཏོང་གི་ཡོད་པ་འཁོར་སྐར་གྱིས་བརྙན་པར་བླངས་ཡོད་པས་སང་ཉིན་གཟའ་པ་སངས་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྱང་ཀོ་རི་ཡར་ཕེབས་ནས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་གཉིས་ཀྱིས་མིང་རྟགས་བཀོད་པའི་གྲོས་མཐུན་ལག་ལེན་བསྟར་ཕྱོགས་ལ་གྲོས་བསྡུར་བྱ་འཆར་ཡོད་ཅིང་། ཨ་རིའི་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་ཅེས་གནས་ཚུལ་སྤེལ་རུང་ཀིམ་ཇུང་ཨུན་དང་ཨ་རིའི་ཕྱི་སྲིད་དྲུང་ཆེའི་གྲོས་གཞི་གཙོ་བོ་ཅི་ཡིན་གྱི་ཞིབ་ཕྲའི་གནས་ཚུལ་སྤེལ་མེད་པ་རེད། ད་ཐེངས་ཀྱི་འཚམས་འདྲི་འདི་ནི་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་བྱང་ཀོ་རི་ཡར་ཕེབས་པར་ཐེངས་གསུམ་པ་ཡིན་པར་མ་ཟད། ཁོང་གིས་ཀིམ་ཇུང་ཨུན་ལ་བྱང་ཀོ་རི་ཡའི་གཞུང་གིས་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་ཚབ་ཏུ་ཡུང་བྷི་ཡཱོན་རྡུལ་ཕྲན་ལས་གྲྭ་ཁག་རྒྱ་སྐྱེད་དགོས་དོན་ཅི་ཡིན། ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་གིས་བྱང་ཀོ་རི་ཡར་གཏན་ནས་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་འདོད་མི་འདུག་ཅེས་གནས་ཚུལ་སྤེལ་པར་དོགས་འདྲི་བྱ་སྲིད། གཟའ་ཉི་མ་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཁག་ལ་ཐུག་འཕྲད་བྱས་ནས་ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འཛིན་པའི་སྲིད་ཇུས་དེར་འགྱུར་བ་མེད། ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་རྡུལ་ཕྲན་མཚོན་ཆའི་གྲོས་མོལ་གང་འདྲ་ཞིག་བྱས་ཀྱང་ཨ་མི་རི་ཀས་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་བདེ་འཇགས་གཙིགས་སུ་བཟུང་ནས་གྲོས་མོལ་བྱེད་ཀྱི་ཡོད་ཅེས་ཁག་ཐེག་བྱ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག ད་ལོ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་འགོ་ཁྲིད་ཚོར་སྔོན་ལ་ནང་མོལ་གྱི་གྲོས་བསྡུར་མ་བྱས་པར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། ཀིམ་ཇུང་ཨུན་ལ་ཐུག་འཕྲད་རྗེས་སུ་ཌོ་ནལ་ཊོམ་གྱིས་གློ་བུར་དུ་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་ཕྱིར་འཐེན་བྱས་པར་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་འགོ་ཁྲིད་ཚོ་བློ་འཚབ་དང་ཡ་མཚན་སྐྱེས། སྲིད་དོན་ཉམས་ཞིབ་པ་ཚོས་ཐེངས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྱང་ཀོ་རི་ཡར་ཕེབས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མེ་ཤུགས་འཕུར་མདེལ་ཡར་རྒྱས་ཀྱི་ཚད་ཅི་ཙམ་ལ་སླེབས་ཡོད་མེད། བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་ཅི་ཙམ་ཡོད་མེད་རྣམས་རྩད་གཅོད་ཞིབ་ཚགས་ཤིག་བྱ་དགོས། དེ་ནས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོས་དམར་ཤོག་རྒྱལ་ཁབ་དེའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཕྱོགས་ཀྱི་དུས་ཚོད་གཏན་འབེབས་བྱ་དགོས་ཞེས་གླེང་། ད་སྔ་ཨ་མི་རི་ཀས་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་ཅི་ཙམ་ཡོད་མེད། བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་གྲྭ་ཁག་གི་རྒྱ་ཆེ་ཆུང་། བྱང་ཀོ་རི་ཡའི་གླིང་བརྒལ་འཕེན་ཕོག་མེ་ཤུགས་འཕུར་མདེལ་རྣམས་གང་དུ་འགྲེམ་འཇོག་བྱས་ཡོད་མེད་རྣམས་རྩད་གཅོད་གསལ་བོ་ཞིག་ཐུབ་མེད། འོན་ཀྱང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡ་དང་ཨ་མི་རི་ཀས་གྲོས་མོལ་གང་ལེགས་བྱས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཕྱོགས་སུ་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད། འདས་པའི་ཟླ་བ་༨་ཀྱི་རིང་དེར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་མ་སོང་། འདི་ལ་ཨེ་ཤི་ཡའི་རྒྱལ་ཁབ་ཡོད་དོ་ཅོག་དགའ་བསུ་ཞུ་བཞིན་ཡོད་ཀྱང་ཨ་མི་རི་ཀའི་ཁ་གཏད་ཚོགས་པ་དང་གསར་འགྱུར་རྫུན་མ་སྤེལ་མཁན་ཚོས་སྡུག་སྐད་རྒྱག་གི་འདུག གལ་སྲིད་ང་མིན་ན་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་རྒྱག་དགོས་ཐུག་ཡོད་ངེས་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་གསར་འགྱུར་སྤེལ། ཀོ་རི་ཡའི་ཉམས་ཞིབ་པ་ཚོས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱེད་ཀྱི་མེད་པ་རྒྱལ་ཁབ་དེའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་གཉིས་ཚོད་ལྟ་བྱ་མི་དགོས་པའི་མཚམས་སུ་སླེབས་ཡོད་པའི་རྟགས་མཚན་ཡིན་སྲིད། བྱང་ཀོ་རི་ཡའི་རྡུལ་མཚོན་ཆ་མེད་པར་བཏང་ནས་རྡུལ་ཕྲན་ལས་གྲྭ་ཁག་སྒོ་རྒྱག་རྒྱུ་ནི་ཧ་ལམ་འབྱུང་མི་སྲིད། བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་རྣམས་མེད་པར་གཏོང་རྒྱུའི་དབང་དུ་བཏང་རུང་དེ་ལ་དུས་ཡུན་རིང་པོ་འགོར་རྒྱུ་དང་ཨ་སྒོར་ཐེར་འབུམ་མང་པོ་འགྲོ་གྲོན་གཏོང་དགོས་པའི་ལས་དོན་ཞིག་རེད། རྡུལ་ཕྲན་མཚོན་ཆ་ཡོངས་གྲགས་སུ་ཚོད་ལྟ་བྱས་པའི་རྒྱལ་ཁབ་གཅིག་གིས་ཀྱང་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་བཏང་ནས་རྡུལ་ཕྲན་ལས་གྲྭ་ཁག་སྒོ་བརྒྱབ་མྱོང་མེད་པས་སྔོན་ཆད་སུ་གཅིག་གིས་ཀྱང་མ་བསྒྲུབས་པ་ཞིག་བྱང་ཀོ་རི་ཡས་ནམ་ཡང་བསྒྲུབ་མི་སྲིད་ཅེས་ཨ་མི་རི་ཀའི་མཚོན་ཆ་བཀག་སྡོམ་མཐུན་ཚོགས་ཀྱི་འགན་འཛིན་ཌར་ཡིལ་ཀིམ་བྷོལ་གྱིས་རྩོམ་ཡིག་བྲིས་འདུག ཁ་སྔོན་ཕྱི་ཟླ་༦་ཚེས་༡༢་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ། ༡༩༥༠་ཐམ་པ་དང་༥༣་བར་དུ་ལངས་པའི་ཀོ་རི་ཡའི་དམག་འཁྲུག་དུས་སུ་ཤི་བའི་ཨ་མི་རི་ཀའི་དམག་ཞབས་འདས་པོ་རྣམས་ཀྱི་རུས་པ་ལུས་ཡོད་པ་རྣམས་བྱང་ཀོ་རི་ཡས་རྩད་གཅོད་བྱས་ནས་ཨ་མི་རི་ཀར་རྩིས་སྤྲོད་བྱ་རྒྱུ། ལྷོ་བྱང་ཀོ་རི་ཡ་གཉིས་དང་ཨ་མི་རི་ཀ་སོགས་ཀྱིས་ཀོ་རི་ཡའི་དམག་འཁྲུག་དངོས་སུ་མཇུག་བསྒྲིལ་པའི་གྲོས་མཐུན་ཞིག་འཇོག་རྒྱུའི་གྲོས་མཐུན་བྱུང་སྟེ། བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀའི་དམག་ཞབས་འདས་པོ་ཁག་ཅིག་གི་རུས་པ་ཕྱིར་སློག་བྱས་ཟིན་ཡོད་ཀྱང་ཀོ་རི་ཡའི་དམག་ས་ཁག་ཏུ་ཨ་མི་རི་ཀའི་དམག་ཞབས་འདས་པོ་རྣམས་ཀྱི་རུས་པ་ལུས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། གཟའ་འཁོར་འདིར་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱོན་བྷོལ་ཊོན་གྱིས་ལོ་གཅིག་གི་ནང་ཚུད་དུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་བཏང་ཚར་དགོས་ཞེས་བཤད་ཀྱང་ཨ་རིའི་ཕྱི་སྲིད་དྲུང་ཆེས་དུས་ཡུན་རིང་པོ་འགོར་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ད་ཐེངས་ཁོང་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོར་གྲོས་མོལ་ཇི་ལྟར་བྱ་འཆར་ཡོད་མེད་བཤད་དཀའ།།

XS
SM
MD
LG