ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིན་ཅང་གི་དམ་དྲག་དང་འཕྲུལ་རྩལ་གྱི་ཚོང་ལས།
please wait

No media source currently available

0:00 0:04:33 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། རྒྱ་ནག་གིས་ཞིན་ཅང་ལ་ཉེན་རྟོག་པས་ཕྱོགས་ཐམས་ཅད་མཐོང་ཐུབ་པའི་དེང་རབས་ཀྱི་འཕྲུལ་རྩལ་གྱི་དྲྭ་ལས་དང་པར་ཆས་བཙུགས། ཞིན་ཅང་གི་ས་གནས་སྲིད་གཞུང་གིས་ཨ་སྒོར་ཐེར་འབུམ་མང་པོ་འགྲོ་གྲོན་བཏང་ནས་འཕྲུལ་རྩལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་ལས་ཀྱི་ཁེ་ཕན་ཆེན་པོ་ཡོད་ཅིང་། ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་དམར་ཤོག་ཚོགས་པས་ཁ་ཆེ་མཐའ་ལྷུང་བ་རྣམས་འགོག་སྲུང་ཟེར་པའི་ལས་འགུལ་ཞིག་སྤེལ་ནས་ཞིན་ཅང་ལ་རྟོག་ཞིབ་ཀྱི་པར་ཆས་ཚད་ལས་བརྒལ་བའི་མང་པོ་བཙུགས་ནས་ཡུ་གུར་པ་ཚོར་སློབ་གསོ་བསྐྱར་སྤྲོད་ཀྱི་ལྟེ་གནས་ཁང་འཛུགས་རྒྱུའང་རྒྱ་ཆེ་རུ་བཏང་འདུག

ཁ་ཆེའི་ལྷ་ཁང་ཁག་ཏུ་ཁ་ཆེའི་ཨ་ཁུན་ཚོས་པར་ཆས་ཀྱི་འོག་ཏུ་ཆོས་ཁྲིད་བྱ་དགོས་པ་དང་། ཟ་ཁང་ཁག་ཏུ་མི་ཚོས་པར་ཆས་ཀྱི་འོག་ཏུ་བཟའ་བཏུང་ལ་རོལ་དགོས་པ། ཚོང་ཁང་ནང་དུ་པར་ཆས་ཀྱི་འོག་ཏུ་ཉོ་ཚོང་བྱ་དགོས་པ་སོགས་ཕྱོགས་གང་ཐད་དུ་པར་ཆས་བཙུགས་ཡོད་པ་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་ཞིག་རེད་ཅེས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

ད་ལྟ་ནས་ཞིན་ཅང་ནི་འཛམ་གླིང་འདིར་ཉེན་རྟོག་པ་ཆེས་མང་ཤོས་ཀྱི་ཡུལ་ལུང་ཞིག་ཡིན་པའི་ངོས་འཛིན་བྱེད་ཡོད་ཅིང་། ལོ་སྔོན་མར་ཞིན་ཅང་གི་བདེ་འཇགས་ལ་རྒྱ་ནག་གི་མི་དམངས་ཤོག་སྒོར་ཐེར་འབུམ་༥༨་དམ། ཡང་ན་ཨ་སྒོར་ཐེར་འབུམ་༩་ཙམ་འགྲོ་གྲོན་བཏང་འདུག འདི་ནི་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་མི་དམངས་ཀྱི་འཕྲོད་བསྟེན་དང་སྨན་བཅོས་ལ་འགྲོ་གྲོན་བཏང་བ་ལས་ཀྱང་ཞིན་ཅང་གི་བདེ་འཇགས་སྲུང་སྐྱོབ་ལ་འགྲོ་གྲོན་ལྡབ་གཉིས་ཙམ་མང་བ་བཏང་བ་ཞིག་རེད་ཅེས་ཡུ་རོབ་རྒྱལ་ཁབ་འཇར་མན་ཎིར་རྟེན་གཞི་བྱས་པའི་བདེ་འཇགས་གནད་དོན་མཁས་པ་ཨེ་ཌི་རེན་ཟན་ཛིས་ཧྥི་རན་སི་གསར་འགྱུར་ལས་ཁང་ལ་བཤད་འདུག

ཁོང་གིས་སྤྱི་ལོ་༢༠༡༧་ལོ་གཅིག་པུར་ས་གནས་དེའི་བདེ་འཇགས་ལས་དོན་ལ་འགྲོ་གྲོན་བཏང་བ་དེ་སྤྱི་ལོ་༢༠༠༧་ནས་སྤྱི་ལོ་༢༠༡༢་བར་གྱི་ལོ་དྲུག་གི་འགྲོ་གྲོན་ཚང་མ་བསྡོམས་པ་དང་ཧ་ལམ་གཅིག་མཚུངས་རེད་ཅེས་བརྗོད་འདུག

རྒྱ་གཞུང་གི་འགོ་ཁྲིད་ཚོས་ཞིན་ཅང་ལ་དྲག་པོའི་ངོ་རྒོལ་ཁ་ཤས་བྱུང་བའི་རྐྱེན་གྱིས་འཇིགས་སྐུལ་རུ་ཚོགས་ལ་གདོང་ལེན་ཟེར་པ་ཞིག་ལ་ཁ་གཡར་ནས་བདེ་འཇགས་གི་ལས་དོན་ཚད་ལས་བརྒལ་བ་ཞིག་ལག་བསྟར་བྱེད་ཀྱིན་འདུག་ཅེས་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་ཚོས་རྒྱུན་དུ་གླེང་། དེ་འདྲའི་གནས་སྟངས་འོག་ཏུ་རྒྱ་ནག་གི་རྟོབ་ཞིབ་ཡོ་བྱད་བཟོ་ཚོང་ཁང་ཆེན་མོ་ཧིཀ་ཝྭི་ཤིན་ཟེར་པའི་འཛམ་གླིང་གི་རྟོག་ཞིབ་པར་ཆས་མང་ཤོས་བཟོ་མཁན་གྱི་ཚོང་ལས་ཁང་ལྟ་བུར་མཚོན་ན་ཞིན་ཅང་ནི་ཚོང་ལས་ཀྱི་གོ་སྐབས་ཆེན་པོ་ལེན་ས་ཞིག་ཏུ་གྱུར།

སྤྱི་ལོ་༢༠༡༧་ལོར་བཟོ་ཚོང་ལས་ཁང་དེར་ཉུང་མཐར་ཡང་ཨ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ལྷག་གི་ཚོང་ལས་གཉེར་རྒྱུའི་གོ་སྐབས་ཐོབ། ཧིཀ་ཝྭི་ཤིན་ནི་ཞིན་ཅང་གི་ཚོང་ལས་ལ་འགྲན་སྡུར་བྱེད་མཁན་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གི་གྲས་ཀྱི་གཅིག་ཡིན་ཞིང་། རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གིས་ཞིན་ཅང་གི་ཉེན་རྟོག་པའི་སྒྲིག་ཆས་ནས་ལྕགས་ཁྲབ་འཁོར་ལོ་དང་། སློབ་གསོ་བསྐྱར་སྤྲོད་ཀྱི་ལྟེ་གནས་ཁང་ཟེར་པ་དེ་དག་གི་ནང་དུ་ཡུ་གུར་པ་ཚོར་བསམ་བློ་སྒྱུར་བཀོད། མར་ཁེ་སི་རིང་ལུགས་ཀྱི་ལྟ་གྲུབ་སློབ་གསོ། དེ་བཞིན་པར་ཆས་དང་ཡོ་བྱད་གཞན་པ་འདྲ་མིན་སྣ་ཚོགས་ཤིག་འཚོང་འགྲེམ་བྱེད་ཀྱི་ཡོད་པ་རེད། ཧྥ་རན་སི་གསར་འགྱུར་ལས་ཁང་ལ་གནས་ཚུལ་འབྱོར་པ་ལྟར་ན་ཞིན་ཅང་གི་སློབ་གྲྭ་ཁག་དང་སྲང་ལམ། ལས་ཁུངས་ཁག ཁ་ཆེའི་ལྷ་ཁང་༩༦༧་ཡོད་པ་དེ་དག་གི་སྟེང་དུ་ཉུང་མཐར་ཡང་པར་ཆས་སུམ་ཁྲི་ལྔ་སྟོང་བཙུགས། ད་དུང་དེའི་ཁར་ཆེས་དེང་རབས་ཀྱི་འཕྲུལ་རྩལ་ཡོ་བྱད་མང་པོ་ཞིག་བཀོལ་སྤྱོད་བྱེད་པ་དང་འཁོར་སྐར་བེད་སྤྱོད་བྱས་ནས་ཞིན་ཅང་གི་ས་ཐོག་ཏུ་རྟོག་ཞིབ་བྱ་རྒྱུ་མ་ཁྱབ་པའི་ས་སྟོང་སེན་མོ་ཙམ་ཡང་མེད་པར་བཏང་ཡོད་པ་རེད།

ཧྥ་རན་སི་གསར་འགྱུར་ལས་ཁང་གིས་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན་ཞིན་ཅང་གི་མོ་ཡུས་རྫོང་དུ་གྲོང་གསེབ་ཅིག་ལ་མི་རྒན་པ་ལྔ་རེའི་ནང་གི་མི་རེ་རེ་སློབ་གསོ་བསྐྱར་སྤྲོད་ལྟེ་གནས་ཁང་ཟེར་པའི་བཙོན་ར་ཁག་ཏུ་ཚུད་མྱོང་ཡོད་ཅིང་། བཙོན་ར་དེ་དག་གི་ནང་དུ་ཞིན་ཅང་གི་ཡུ་གུར་པ་འབུམ་ཕྲག་མང་པོ་བཀག་ཉར་བྱེད་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་ཞིན་ཅང་གི་ས་ཐོག་ཏུ་སློབ་གསོ་བསྐྱར་སྤྲོད་ཀྱི་ལྟེ་གནས་ཁང་ཡོད་པ་ངོས་ལེན་བྱེད་ཀྱི་མེད་པ་རེད།

མོ་ཡུས་རྫོང་ཟེར་པ་དེའི་ནང་དུ་བདེ་འཇགས་གི་ཡོ་བྱད་དང་འབྲེལ་བའི་ཚོང་ལས་རྒྱ་ཆ་༨༥་ཧིཀ་ཝྭི་ཤིན་ཟེར་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེས་བཟུང་ཡོད་པ་དང་། དེ་ནི་སྤྱི་ཚོགས་མ་འཛུགས་ཟེར་པའི་མིང་ཐོག་ཏུ་སྒྲུབ། རྫོང་དེར་སྤྱི་ལོ་༢༠༡༧་ལོའི་ཟླ་བ་དང་པོ་ནས་ཟླ་བ་བཅུ་པ་བར་དུ་བདེ་འཇགས་ལས་དོན་ཟེར་པའི་ཆེད་དུ་ཨ་སྒོར་ཐེར་འབུམ་གཅིག་འགྲོ་གྲོན་བཏང་ཡོད་པ་ནི་རྒྱ་ནག་གཞུང་གི་ལོ་དེའི་མ་དངུལ་འཆར་གཞི་ལས་ཀྱང་ལྡབ་གསུམ་མང་བ་བཏང་འདུག

ཧྥ་རན་སི་གསར་འགྱུར་ལས་ཁང་གིས་ཧིཀ་ཝྭི་ཤིན་བཟོ་ཚོང་ལས་ཁང་ལ་སྐད་ཆ་དྲིས་ཀྱང་ཚོང་ལས་ཁང་དེས་མུ་མཐུད་དུ་མོ་ཡུས་རྫོང་ལ་ཚོང་ལས་གཉེར་བཞིན་ཡོད་ཅེས་འགྲེལ་བརྗོད་བྱས་མོད། འོན་ཀྱང་ལས་གཞི་དེ་གསང་བའི་ལས་དོན་ཞིག་རེད་ཅེས་ནན་བརྗོད་བྱས་ནས་ཞིབ་ཕྲའི་གནས་ཚུལ་གང་ཡང་གསལ་སྟོན་བྱས་མེད་པ་རེད།

དཔྱད་ཞིབ་པ་ཁག་གིས་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་སྤེལ་བའི་གནས་ཚུལ་དེ་ལ་གཞིགས་ན་རྒྱ་གཞུང་གིས་ད་དུང་མུ་མཐུད་དུ་ཞིན་ཅང་ལ་རྟོག་ཞིབ་པར་ཆས་འཛུགས་རྒྱུ་ཇེ་མང་དུ་གཏོང་རྒྱུ་དང་། འབྱུང་འགྱུར་གྱི་ལོ་གཉིས་གསུམ་ཞིག་གི་རིང་ལ་རྒྱ་སྒོར་ཐེར་འབུམ་༡༦་ཙམ་འགྲོ་གྲོན་གཏོང་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

སབ་ཙི་ན་ཟེར་པའི་དྲྭ་རྒྱའི་ཐོག་ཏུ་གནས་ཚུལ་བཀོད་པ་ལྟར་ན་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་པ་ཚོའི་རྒྱུད་རྒྱུ་ཟེར་པའི་མི་སོ་སོའི་གྲུབ་རྫས་སམ། ཡང་ན་རིགས་རྫས་ལ་བརྟག་དཔྱད་བྱས་ནས་དཔེ་མཚོན་ཉར་ཚགས་བྱེད་ཡོད་པ་དང་། དེ་སྔོན་བོད་ཀྱི་འབྲི་རུ་རྫོང་དུ་བོད་པ་ཚོས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་བའི་དུས་སུ་རྒྱ་ནག་གཞུང་གིས་འབྲི་རུ་རྫོང་ཁོངས་སུ་བོད་པ་ཚོའི་རྒྱུད་རྒྱུ་བླངས་ནས་བརྟག་དཔྱད་བྱས་པ་དང་དཔེ་མཚོན་ཉར་ཚགས་བྱས་ཡོད་པར་མ་ཟད། ད་ལྟ་རྒྱ་ནག་གཞུང་གིས་ཞིན་ཅང་ལའང་ལས་དོན་དེ་འདྲ་ཞིག་བསྒྲུབ་རྒྱུ་འགོ་ཚུགས་ཏེ་མི་མང་པོས་བོད་རང་སྐྱོངས་ལྗོངས་ཀྱི་འགོ་ཁྲིད་ཟུར་པ་ཁྲེན་ཆོན་གོ་ཡིས་སྔོན་ཆད་བོད་རང་སྐྱོང་ལྗོངས་ལ་ལག་ལེན་བསྟར་པའི་སྲིད་ཇུས་རྣམས་ད་ལྟ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ལ་ལག་ལེན་བསྟར་གྱིན་འདུག་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG