ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་འགྲིམ་འགྲུལ་བཀག་སྡོམ་སོར་འཇོག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཐོག་མ་ནས་ཨ་མི་རི་ཀའི་བདེ་འཇགས་ལ་ཉེན་ཀ་ཡོད་པ་དང་འཇིགས་སྐུལ་རིང་ལུགས་པའི་འབྱུང་ཁུངས་སུ་གྱུར་པའི་འཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་ཁག་ཅིག་གི་སྤྱི་དམངས་རྣམས་ཨ་མི་རི་ཀར་ཡོང་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག ཨ་མི་རི་ཀའི་དམའ་རིམ་ཁྲིམས་ཁང་འགའ་ཞིག་གིས་སྲིད་འཛིན་ཌོ་ནལ་ཊོམ་གྱི་སྲིད་ཇུས་དེ་ཁྲིམས་འགལ་ཡིན་པའི་ཐག་བཅད་ནས་ཨ་རིའི་མངའ་སྡེ་ཁག་ཅིག་ལ་འཛམ་གླིང་ཡུལ་གྲུ་ཁག་ནས་ཁ་ཆེ་ཚོ་ཡོང་མི་ཆོག་པའི་སྲིད་ཇུས་ལག་ལེན་བསྟར་ཐུབ་ཀྱི་མེད་མོད། འོན་ཀྱང་ཁ་སང་གཟའ་མིག་དམར་ཉིན་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་འཛིན་ཌོ་ནལ་ཊོམ་གྱི་སྲིད་ཇུས་དེ་ཁྲིམས་འགལ་མིན་པའི་ཐག་བཅད་པས་སྲིད་འཛིན་ཌོ་ནལ་ཊོམ་ལ་ཁྲིམས་རྩོད་ཀྱི་རྒྱལ་ཁ་ཆེན་པོ་ཞིག་ཐོབ། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་ཞིབ་པས་རྒྱལ་ཁབ་ཀྱི་བདེ་འཇགས་དོན་དུ་སྲིད་འཛིན་ལ་ཕྱི་རྒྱལ་བ་ཡོང་རྒྱུ་འགོག་ཆོག་པའི་དབང་ཚད་ཡོད། ཧ་ཝ་དབྱི་མངའ་སྡེའི་ཁ་ཆེ་གསུམ་གྱིས་ཁྲིམས་ཁང་ལ་ཁ་ཆེ་ཚོ་ཡོང་མི་ཆོག་པའི་བཀག་སྡོམ་བྱས་པ་ཆོས་ལུགས་དབྱེ་འབྱེད་རེད་ཅེས་ཁྲིམས་གཏུག་བྱས་ཏེ། མངའ་སྡེ་དེའི་ཁྲིམས་ཁང་ཞིག་གིས་རང་གི་ས་ཁུལ་དེར་སྲིད་འཛིན་གྱི་སྲིད་ཇུས་དེ་ལག་ལེན་བསྟར་མི་དགོས་པའི་ཐག་གཅོད་བྱས་འདུག ཡིན་ནའང་དམའ་རིམ་ཁྲིམས་ཁང་དེའི་ཐག་གཅོད་དེ་ཉིད་ཁྲིམས་མཐུན་ཞིག་མིན། ༡༩༦༥་ལོར་གཏན་འབེབས་བྱུང་བའི་ཨ་རིའི་ཕྱི་མི་ཡུལ་སྤོར་པའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་སྲིད་འཛིན་ལ་སྲིད་ཇུས་དེ་ལག་ལེན་བསྟར་ཆོག་པའི་དབང་ཚད་ཡོད། ད་ནས་བཟུང་སྟེ་ཨ་རིའི་དམའ་རིམ་ཁྲིམས་ཁང་ཁག་གིས་སྲིད་འཛིན་གྱིས་ཆོས་ལུགས་དང་མི་རིགས་དབྱེ་འབྱེད་བྱས་ནས་ཕྱི་མི་བཀག་སྡོམ་བྱེད་ཀྱིན་འདུག་ཅེས་སྲིད་ཇུས་ལག་ལེན་བསྟར་རྒྱུ་འགོག་མི་ཆོག་པའི་བཅད་ཁྲ་བསྒྲགས། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་ཞིབ་པ་ཇཱོན་རོ་བྷར་ཊི་གཙོས་ཁྲིམས་ཞིབ་པ་ལྔས་སྲིད་འཛིན་གྱི་སྲིད་ཇུས་དེར་རྒྱབ་སྐྱོར་བྱས་ཀྱང་ཁྲིམས་ཞིབ་པ་བཞིས་སྲིད་འཛིན་གྱི་སྲིད་ཇུས་དེ་ཁྲིམས་འགལ་རེད་ཅེས་ངོ་རྒོལ་བྱས་འདུག དཔེར་ན་ཁྲིམས་ཞིབ་པ་སོ་ཊ་མ་ཡོར་གྱིས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་འདི་དང་། ༡༩༤༤་ལོར་ཨ་རིའི་གཞུང་གིས་རང་གི་སྤྱི་དམངས་ཉི་ཧོང་བ་རྣམས་དམག་གི་བཙོན་སྒར་ཁག་ཏུ་བཅུག་པར་ཆེས་མཐོའི་ཁྲིམས་ཁང་གིས་མོས་མཐུན་བྱས་པ་གཉིས་གཅིག་མཚུངས་ཡིན། དེ་རིང་ང་ཚོས་ཐག་གཅོད་ལོག་པ་ཞིག་བྱས་པ་འདིར་མ་འོངས་པར་ལོ་རྒྱུས་ཀྱིས་གདེང་འཇོག་བཟང་པོ་ཞིག་བྱ་མི་སྲིད་ཅེས་རྩོད་པ་བརྒྱབ། སྲིད་འཛིན་ཌོ་ནལ་ཊོམ་གྱི་འགྲིམ་འགྲུལ་བཀག་སྡོམ་དེའི་ཁྱབ་ཁོངས་སུ་ཁ་ཆེའི་རྒྱལ་ཁབ་ལྔ་ཚུད་ཡོད་པ་རྣམས་ནི་ཨི་རན་དང་ལི་བྷི་ཡ། སོ་མ་ལི་ཡ། སི་རི་ཡ། ཡེ་མན་བཅས་ཡིན་ཞིང་། ད་དུང་ཁ་ཆེ་རྒྱལ་ཁབ་དེ་དག་གི་མཉམ་དུ་བྱང་ཀོ་རི་ཡའི་སྤྱི་དམངས་རྣམས་ཀྱང་ཨ་མི་རི་ཀར་ཡོང་མི་ཆོག་ཅེས་བཀག ཡིན་ནའང་བྱང་ཀོ་རི་ཡའི་སྤྱི་དམངས་རྣམས་ཨ་མི་རི་ཀར་ཡོང་རྒྱུ་བལྟ་ཞོག ཐ་ན་ཁོ་ཚོ་རང་གི་ས་གནས་ཤིག་ནས་ས་གནས་གཞན་ཞིག་ལའང་འགྲིམ་འགྲུལ་བྱེད་ཆོག་གི་མེད་པ་དང་། ཐོག་མར་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཆ་ཌི་ཡང་བཀག་སྡོམ་དེའི་ཐོ་གཞུང་དུ་འཁོད་ཀྱང་རྒྱལ་ཁབ་དེའི་གཞུང་གིས་འགྲིམ་འགྲུལ་གྱི་ཐོ་གཞུང་དང་འགྲུལ་པའི་རྒྱབ་ལྗོངས། ཨ་མི་རི་ཀར་དགོས་མཁོ་ཡོད་པའི་གནས་ཚུལ་རྣམས་ཚུལ་བཞིན་སྤྲོད་རྒྱུའི་ཁས་ལེན་བྱས་པའི་རྗེས་སུ་ཆ་ཌི་ཐོ་གཞུང་དེ་ནས་བླངས། སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཁ་ཆེ་རྒྱལ་ཁབ་ཁག་ཅིག་གི་སྤྱི་དམངས་རྣམས་ཨ་མི་རི་ཀར་ཡོང་མི་ཆོག་པའི་བཀག་སྡོམ་སྲིད་ཇུས་ལག་ལེན་བསྟར་ནས་ལོ་གཅིག་དང་ཕྱེད་ཀ་མ་ཟིན་ཙམ་ལས་སོང་མེད། འདས་པའི་ལོ་གཅིག་དང་ཕྱེད་ཀ་ཡས་མས་ཤིག་གི་རིང་དེར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་ཨ་རི་བ་ཁ་ཆེ། མི་རིགས་དང་ཆོས་ལུགས་དབྱེ་འབྱེད་ངོ་རྒོལ་ཚོགས་པ་ཁག་གིས་སྲིད་འཛིན་ཌོ་ནལ་ཊོམ་གྱི་སྲིད་ཇུས་དེ་དྲང་སྙོམས་ཤིག་མ་རེད་ཅེས་ཨ་མི་རི་ཀའི་ཁྲིམས་ཁང་རིམ་པ་ཞིག་ལ་ཁྲིམས་གཏུག་བྱས་པས་ཕྱི་ཟླ་༦་ཚེས་༢༦་ཉིན་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་གནད་དོན་འདིར་མཐའ་མའི་ཐག་གཅོད་བྱ་དགོས་བྱུང་ཡོད། ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་རྗེས་སུ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཐེངས་འདིའི་ཐག་གཅོད་ནི་ཨ་མི་རི་ཀའི་མི་དམངས་དང་ཨ་རིའི་རྩ་ཁྲིམས་ལ་རྒྱལ་ཁ་ཐོབ་པ་ཞིག་ཡིན། ད་ལྟའི་དུས་སྐབས་འདི་འཛམ་གླིང་ཡོངས་སུ་འཇིགས་སྐུལ་རིང་ལུགས་པ་དང་མཐའ་ལྷུང་རིང་ལུགས་པ་ཚོས་ནག་ཉེས་མེད་པའི་མི་དམངས་དཀྱུས་མར་གནོད་འཚེ་བྱེད་པའི་དུས་སྐབས་ཤིག་ཡིན། ང་ཚོས་ངེས་པར་དུ་ཨ་མི་རི་ཀར་སུ་ཞིག་ཡོང་གི་ཡོད་པ་དེར་ཞིབ་འཇུག་གཟབ་ནན་བྱ་དགོས་ཞེས་ཊོས་ཊར་དྲྭ་ལམ་དུ་གསར་འགྱུར་སྤེལ་འདུག ཡིན་ནའང་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བཀག་སྡོམ་བྱས་པའི་ཁ་ཆེའི་རྒྱལ་ཁབ་དེ་དག་གི་འགྲུལ་བ་ཚོས་ཨ་མི་རི་ཀའི་བདེ་འཇགས་ལ་གནོད་འཚེ་བྱས་པའི་རྟགས་མཚན་གང་ཡང་མེད་ཅིང་། རྒྱལ་ས་ཝ་ཤིང་ཊོན་གྱི་ཁ་ཆེའི་ཐོབ་ཐང་དོན་གཉེར་ཚོགས་པ་ཞིག་གིས་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་དེས་སྲིད་འཛིན་ཌོ་ནལ་ཊོམ་ལ་མི་རིགས་དབྱེ་འབྱེད་དང་ཆོས་ལུགས་དབྱེ་འབྱེད། ཁོང་ལ་རང་སྣང་གང་དྲན་གྱི་སྒོ་ནས་མི་རིགས་དང་ཆོས་ལུགས་ལ་དབྱེ་འབྱེད་བྱེད་ཆོག་པའི་ཆོས་མཆན་སྤྲད་པ་རེད་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། འཇིགས་སྐུལ་རིང་ལུགས་པ་ཚོར་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཞིག་སོ་ཌི་ཨ་རེ་བྷི་ཡ་ཡིན་པར་མ་ཟད། ༢༠༠༡་གི་ཕྱི་ཟླ་༩་པའི་ཚེས་༡༡་ཉིན་འཇིགས་སྐུལ་རིང་ལུགས་པ་བཅུ་དགུས་ཨ་མི་རི་ཀར་གཏོར་རྒོལ་བྱས་པ་དེ་དག་གི་གྲས་ཀྱི་མི་༡༥་སོ་ཌི་ཨ་རི་བྷི་ཡའི་སྤྱི་དམངས་ཡིན་རུང་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སོ་ཌི་ཨ་རེ་བྷི་ཡའི་སྤྱི་དམངས་རྣམས་ཨ་མི་རི་ཀར་ཡོང་མི་ཆོག་པའི་བཀག་སྡོམ་བྱས་མེད། ཨ་མི་རི་ཀའི་སྤྱི་དམངས་ཐོབ་ཐང་མཐུན་ཚོགས་ཀྱི་ཁྲིམས་རྩོད་པ་ཇ་ཌི་ཝ་ཐེས་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་དེ་དབྱེ་འབྱེད་ཀྱི་ཐག་གཅོད་ཅིག་ཡིན་ཞིང་། ཨ་མི་རི་ཀའི་ཆེས་མཐོའི་ཁྲིམས་ཁང་གིས་དྲང་ཚུགས་མ་ཟིན་པ་ཐབས་རྡུགས་ཤིག་རེད་ཅེས་རྩོད་པ་བརྒྱབ་ཀྱང་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་ལ་འགྱུར་བ་གཏོང་དཀའ། ཁྲིམས་རྩོད་པ་ཨོ་མར་ཇ་ཌི་ཝ་ཐེས་ཨ་རིའི་གྲོས་ཚོགས་ལ་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་དེར་ཞིབ་འཇུག་བྱ་དགོས་ཞེས་འབོད་སྐུལ་ཞུས་སོ།།

XS
SM
MD
LG