ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། ཕྱི་ཟླ་༦་ཚེས་༡༥་ཉིན་རྒྱ་ནག་གི་ཧྲང་ཧེ་དང་ཁྲུང་ཆིང་སོགས་གྲོང་ཁྱེར་ཆེ་ཁག་བཅུ་ཕྲག་གཅིག་ལྷག་གི་སྲང་ལམ་ཁག་ཏུ་དོ་སྐྱེལ་རླངས་འཁོར་ཁ་ལོ་བརྒྱ་ཕྲག་མང་པོས་རླངས་འཁོར་བཏང་ནས་ལམ་བཀག་པ་དང་དུང་བཏང་བ། ཁོ་ཚོས་འཕྲེད་དར་འཕྱར་པ་དང་སྐད་འབོད་བྱས་ནས་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་གི་དོ་སྐྱེལ་རླངས་འཁོར་ཁ་ལོ་བ་ཚོས་སྐྱོན་བརྗོད་བྱ་ས་གཙོ་བོ་ཞིག་རླངས་སྣུམ་གྱི་རིན་གོང་འཕར་པ་དང་ཉེན་རྟོག་པ་ཚོས་རང་སྣང་གང་དྲན་གྱི་སྒོ་ནས་རླངས་འཁོར་ཁ་ལོ་བ་ཚོར་ཁྲིམས་འགལ་བྱས་སོང་ཞེས་དངུལ་སྒོར་ཆད་པ་གཅོད་པ། དེང་སྐབས་རྒྱ་ནག་གི་སྤྱི་ཚོགས་སུ་ཁ་པར་དང་དྲྭ་ལམ་བརྒྱུས་ནས་དོ་སྐྱེལ་རླངས་འཁོར་གླ་ཆོག་པའི་ལམ་སྲོལ་ཞིག་དར་ཏེ། རྒྱ་ནག་གི་ས་གནས་ཁག་ལ་དངོས་ཟོག་འདྲེན་པའི་སྐྱེལ་འདྲེན་ལས་ཁུངས་ཁག་གི་དོ་སྐྱེལ་རླངས་འཁོར་རྣམས་དགོས་མཁོ་མེད་པར་གཏོང་གི་ཡོད་པར་ཐུག་ཡོད་ཅིང་། སྔོན་ཆད་ཀྱང་རྒྱང་ཐག་རིང་པོར་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་རྒྱ་ནག་གི་དོ་སྐྱེལ་རླངས་འཁོར་ཁ་ལོ་བ་ཚོས་ངོ་རྒོལ་བྱས་མྱོང་ཡོད་ཀྱང་རྒྱལ་ཁྱབ་ཕྱི་ནང་གཉིས་སུ་གསར་འགྱུར་འདི་ཁྱབ་བསྒྲགས་འགྲོ་ཐུབ་མེད། གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་བཀག་སྡོམ་དང་གསར་འགྱུར་ཞིབ་བཤེར་སོགས་ཀྱིས་མ་ཁོགས་པར་དོ་སྐྱེལ་རླངས་འཁོར་ཁ་ལོ་བའི་ངོ་རྒོལ་ཁྲོམ་སྐོར་རྒྱ་ནག་ཕྱི་ནང་གཉིས་སུ་ཁྱབ་བསྒྲགས་ཆེན་པོ་སོང་འདུག བདུན་ཕྲག་སྔོན་མའི་གཟའ་མཇུག་འདིར་རྒྱ་ནག་རྒྱལ་ཡོངས་སུ་དོ་སྐྱེལ་རླངས་འཁོར་ཁ་ལོ་བ་ཚོས་གླ་ཕོགས་སྤར་དགོས་ཞེས་ལས་མཚམས་བཞག་ནས་ངོ་རྒོལ་བྱས་ཏེ། རྒྱ་ནག་གི་རླངས་སྣུམ་རིན་གོང་འཕར་གྱི་ཡོད་པར་ཚོད་འཛིན་བྱ་དགོས། འགྲིམ་འགྲུལ་སྟངས་འཛིན་ཉེན་རྟོག་པ་ཚོས་དོ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ཚོར་རང་སྣང་གང་དྲན་གྱིས་དངུལ་སྒོར་ཆད་པ་གཅོད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། རྒྱ་ནག་གི་སྤྱི་ཚོགས་སུ་སྐྱེལ་འདྲེན་ལས་ཁུངས་ཁག་མ་བརྒྱུད་པར་དྲྭ་ལམ་དུ་སྐྱེལ་འདྲེན་གྱི་ཚོང་ལས་གཉེར་གྱི་ཡོད་པར་ངོ་རྒོལ་ཡོད་ཅེས་སྐད་འབོད་བྱས་ཡོད་པ་རེད། རྒྱ་ནག་གི་ཡུན་མན་མན་དང་ཧུའོ་ཊི་པང་ཞེས་པའི་སྐྱེལ་འདྲེན་ལས་ཁུངས་གཉིས་ཟླ་བསྒྲིལ་ནས་མན་པག་སྐྱེལ་འདྲེན་ལས་ཁུངས་ཟེར་པ་ཞིག་གསར་དུ་ཚུགས། ཧྲན་ཏུང་ཞིང་ཆེན་གྱི་ཡན་ཐེ་ས་གནས་ཀྱི་དོ་སྐྱེལ་རླངས་འཁོར་ཁ་ལོ་བ་ཞིག་གིས་ང་ཚོས་རང་གི་ཉིན་རེའི་འཚོ་བ་མ་འཁྱོལ་པར་དཀའ་ངལ་ལ་གདོང་ལེན་བྱེད་བཞིན་ཡོད། ང་ཚོས་ལས་མཚམས་བཞག་ནས་ངོ་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱས་མེད། ང་ཚོ་སྒྲིག་འཛུགས་བྱེད་མཁན་དང་འགོ་ཁྲིད་ཀྱང་མེད། ང་ཚོས་དུས་ནས་དུས་སུ་ངོ་རྒོལ་བྱས་ནས་རང་གི་དཀའ་སྡུག་ཕྱི་ལ་སྟོན་ཐབས་བྱེད་བཞིན་ཡོད། ད་ལྟའི་འགྲན་སྡུར་དང་གླ་ཕོགས་ཀྱི་གནས་སྟངས་འོག་ཏུ་ང་ཚོས་ཁ་གསོ་ཐབས་མི་འདུག་ཅེས་སྡུག་སྐད་བརྒྱབ་འདུག རྒྱ་ནག་གི་སྐྱེལ་འདྲེན་ལྷན་ཁང་གི་ཐོ་གཞུང་ལྟར་ན་རྒྱ་ནག་རྒྱལ་ཡོངས་སུ་དོ་སྐྱེལ་རླངས་འཁོར་ཁ་ལོ་བ་ས་ཡ་༡༨་ཡོད་ཟེར་གྱི་ཀྱང་ཁ་ལོ་བ་ཚོས་ཚོགས་མི་ས་ཡ་༣༠་ཡོད་ཅེས་གྲངས་འབོར་མ་འདྲ་བ་ཞིག་བཤད། གང་ལྟར་ཀྱང་རྒྱ་ནག་གཞུང་གིས་རྒྱལ་ཡོངས་ཀྱི་ངོ་བོ་ལྡན་པའི་དོ་སྐྱེལ་རླངས་འཁོར་ཁ་ལོ་བའི་ལས་བཤོལ་ངོ་རྒོལ་འདིར་སྣང་མེད་བྱས་ནས་འཇོག་ཐབས་མེད་ཅིང་། རྒྱ་ནག་གི་འགོ་ཁྲིད་ཚོར་རྒྱལ་ཡོངས་ལ་ལས་བཤོལ་ངོ་རྒོལ་སློང་ཐུབ་པའི་སྒྲིག་འཛུགས་ཤིག་གི་ངོ་རྒོལ་ལས་འགུལ་རྒྱ་ཁྱབ་འགྲོ་རུ་འཇུག་འདོད་མེད། ཧོང་ཀོང་ན་ཡོད་པའི་རྒྱ་ནག་གི་ལས་རྩོལ་པའི་ཐོབ་ཐང་ཚོགས་པས་གནས་ཚུལ་སྤེལ་པ་ལྟར་ན་རྒྱ་ནག་གི་ཀྲེ་ཅང་དང་ཧྲན་ཏུང་། ཧྲན་ཤི་ཞིང་ཆེན་སོགས་ཀྱི་ས་གནས་མང་དག་ཅིག་ལ་སྐྱེལ་འདྲེན་གྱི་འགྲན་སྡུར་དང་མི་སྒེར་གྱི་རླངས་འཁོར་ཆུང་ཁག་དང་ཁྱིམ་ཚང་ཁག་གི་དོ་སྐྱེལ་རླངས་འཁོར་སོགས་ཀྱིས་དྲྭ་ལམ་དུ་སྐྱེལ་འདྲེན་གྱི་ཚོང་ལས་གཉེར་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་པས། རྒྱ་ནག་གི་སྐྱེལ་འདྲེན་བཟོ་ཚོང་ལས་ཁང་ཁག་གི་དོ་སྐྱེལ་རླངས་འཁོར་ཁ་ལོ་བ་ཚོར་ལས་ཀ་དང་གླ་ཕོགས་ཇེ་མང་དུ་མ་སོང་བ་དང་། ཁོ་ཚོར་ལས་ཀ་མེད་པའི་ཉེན་ཀ་ལོ་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་གནས་ཚུལ་སྤེལ་འདུག

XS
SM
MD
LG