ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཉེ་ཆར་སྤྱི་༦་པའི་ཚེས་༡༢་ཉིན་ཨ་རི་དང་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་གསར་འགོད་ལྷན་ཚོགས་ཐོག་ཏུ་མ་འོངས་པར་ཨ་རི་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་མཚམས་འཇོག་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་འདིར་འགྲོ་སོང་ཆེན་པོ་ཡིན་པར་མ་ཟད། ལྷོ་ཀོ་རི་ཡ་དང་ཨ་རིའི་མཉམ་འབྲེལ་དམག་སྦྱོང་འདི་བྱང་ཀོ་རི་ཡར་འཁྲུག་རྩོད་སློང་སྤྱད་གཙོ་བོ་ཞིག་རེད། ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་རིའི་དམག་༣༨༠༠༠་ཙམ་ཡོད་པ་རྣམས་ཕྱིར་འཐེན་བྱ་སྲིད་ཅེས་ཁྱབ་བསྒྲགས་བྱས་ནས་བཟུང་། ཉི་ཧོང་དང་ལྷོ་ཀོ་རི་ཡ་རྒྱལ་ཁབ་གཉིས་ལ་མཚོན་ན་རང་གི་བདེ་འཇགས་སྲུང་སྐྱོབ་ལ་ཐད་ཀར་འབྲེལ་བ་ཆགས་ཡོད་པས་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཅིང་། འདི་ནི་ཕྱོགས་གཅིག་ནས་བལྟས་ན་ཨ་མི་རི་ཀས་བྱང་ཀོ་རི་ཡར་དམག་གིས་སྡིགས་ར་བསྐུལ་རྒྱུ་ལྷོད་ཡང་གཏོང་སྲིད་པའི་གནད་དོན་ཞིག་ཡིན་པས་ལྷོ་ཀོ་རི་ཡ་དང་ཉི་ཧོང་ལ་གནས་ཚུལ་མི་ལེགས་པ་ཞིག་ཡིན་མོད། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་ཨ་རི་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་མཚམས་འཇོག་བྱ་རྒྱུ་དང་། བྱང་ཀོ་རི་ཡས་ངོ་མར་རྡུལ་ཕྲན་མཚོན་ཆ་རྩ་མེད་གཏང་ན་གཏམ་བཟང་ཞིག་ཡིན་སྲིད། ཡིན་ནའང་མ་འོངས་པར་ཅི་ཞིག་འབྱུང་རྒྱུ་ཡིན་མིན་ཁ་ཚོན་བཅད་ནས་བཤད་ཐུབ་རྒྱུ་ཁག་པོ་རེད་ཅེས་དབྱེ་ཞིབ་འདྲ་མིན་ཞིག་བྱེད་ཀྱི་ཡོད་ཅིང་། ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་གྱིས་ཁ་སང་རེས་གཟའ་ལྷག་པའི་ཉིན་བརྗོད་དོན། ཨ་རི་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་དང་ལྷོ་ཀོ་རི་ཡར་འགྲེམ་འཇོག་བྱེད་ཡོད་པའི་ཨ་རིའི་དམག་དཔུང་གིས་ཨེ་ཤེ་ཡ་ཤར་རྒྱུད་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཁག་ཐེག་བྱེད་པར་ནུས་པ་ཆེན་པོ་ཞིག་ཐོན་ཡོད། ཨ་མི་རི་ཀའི་དམག་དཔུང་རང་སོར་འཇོག་མིན་གྱི་གླེང་སློང་ཞིག་འབྱུང་གི་ཡོད་པར་ཉི་ཧོང་གིས་བློ་འཚབ་བྱེད་ཡོད་ཅེས་བཤད་འདུག ལྷོ་ཀོ་རི་ཡར་མཚོན་ན་ཉི་ཧོང་ལས་ཀྱང་བློ་འཚབ་ཆེན་པོ་འདུག་ཅེས་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་ཀྱི་ཡོད་རུང་ལྷོ་ཀོ་རི་ཡར་ཡོད་པའི་ཨ་རིའི་དམག་དཔུང་གི་མགྲིན་ཚབ་པས་ལྷོ་ཀོ་རི་ཡར་འགྲེམ་འཇོག་བྱས་ཡོད་པའི་ཨ་རིའི་དམག་དཔུང་ལ་ད་སྔ་དམག་སྦྱོང་མཚམས་འཇོག་བྱ་དགོས་པའི་བཀའ་ཁྱབ་གང་ཡང་འབྱོར་མ་སོང་། བཀའ་ཁྱབ་མ་འབྱོར་བར་དུ་ང་ཚོས་༢༠༡༨་ཀྱི་སྟོན་ཁའི་མཉམ་འབྲེལ་དམག་སྦྱོང་སྔར་བཞིན་སྤེལ་འཆར་ཡོད་ཅེས་བརྗོད་ཡོད་པ་རེད། གཞན་ཡང་དེ་རིང་སྤྱི་ཚེས་༡༤་ཉིན་ལྷོ་བྱང་ཀོ་རི་ཡའི་མཐོ་རིམ་དམག་དཔོན་ཁག་གིས་རྒྱལ་ཁབ་གཉིས་ཀྱི་ས་མཚམས་ཕན་མུམ་ཇོམ་དུ་གྲོས་མོལ་ཚོགས་འདུ་ཞིག་འཚོགས་བཞིན་ཡོད་པ་དང་། ཚོགས་འདུ་འདི་ནི་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ལོ་བཅུ་ལྷག་གི་རྗེས་ལ་ཐེངས་དང་པོར་འཚོགས་བཞིན་པའི་ཚོགས་འདུ་ཞིག་ཡིན་པས་ཚོགས་འདུ་འདིའི་གྲོས་གཞི་ནི་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་ཛ་དྲག་ཆེ་བའི་དམག་འཁྲུག་གི་འགལ་ཟླ་སེལ་ཐབས། ཨ་རི་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་ཐེངས་འདིའི་ཚོགས་འདུའི་གྲོས་གཞི་གལ་ཆེན་ཞིག་ལ་གྱུར་ཡོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ད་ལོའི་སྤྱི་ཟླ་༤་པའི་ནང་ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་རྣམ་གཉིས་ཐུག་འཕྲད་ཀྱིས་ཕན་མུམ་ཇོམ་གྱི་བསྒྲགས་གཏམ་ཞེས་པ་ཞིག་སྤེལ་ཡོད་པ་དེར་ཕྱོགས་གཉིས་ཀྱིས་ཕན་ཚུན་དགྲར་འཛིན་གྱི་ཛ་དྲག་ཆེ་བའི་དམག་འཁྲུག་གི་ལས་འགུལ་ཁག་ཉུང་དུ་བཏང་ནས་དམག་འཁྲུག་གི་ཉེན་ཁ་སེལ་རྒྱུའི་ཁས་ལེན་བྱས་ཡོད་པ་བཞིན་ཐེངས་འདིའི་ཚོགས་འདུའི་ཐོག་ཏུའང་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཚོས་བཞག་པའི་གྲོས་ཆོད་ཁག་ལག་ལེན་ཇི་ལྟར་བསྟར་ཐབས་ལ་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད། སྤྱིར་ན་ལྷོ་བྱང་ཀོ་རི་ཡ་ཕྱོགས་གཉིས་ཀྱི་མཐོ་རིམ་དམག་དཔོན་གྱི་གྲོས་མོལ་ཚོགས་འདུ་འདི་ད་ལོའི་སྤྱི་ཟླ་༥་པའི་ནང་དུ་འཚོགས་འཆར་ཡོད་མོད། ཡིན་ནའང་སྐབས་དེར་བྱང་ཀོ་རི་ཡ་དང་རྒྱ་ནག་གི་སྲིད་འཛིན་གཉིས་རྒྱ་ནག་གི་ཏ་ལེན་གྲོང་ཁྱེར་དུ་ཐུག་འཕྲད་བྱས་པའི་རྗེས་སུ་བྱང་ཀོ་རི་ཡས་གློ་བུར་དུ་ཚོགས་འདུ་ཕྱིར་འཐེན་བྱས་ཤིང་། ཕྱིར་འཐེན་བྱས་པའི་རྒྱུ་མཚན་ཅི་ཡིན་ལྷོ་ཀོ་རི་ཡ་དང་ཨ་རིའི་མཉམ་འབྲེལ་དམག་སྦྱོང་བྱ་རྒྱུ་མིན་པའི་ཁས་ལེན་བྱས་མེད་པའི་སྟབས་ཀྱིས་ཡིན་ཞེས་བརྗོད། ད་ཐེངས་ཀྱི་ཚོགས་འདུ་འདི་ཉེ་ཆར་ཨ་རིའི་སྲིད་འཛིན་གྱིས་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་མཉམ་འབྲེལ་དམག་སྦྱོང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས་སྤེལ་བའི་རྗེས་སུ་འཚོགས་བཞིན་པ་ཞིག་ཡིན། ཨ་རིའི་སྲིད་འཛིན་གྱིས་གལ་སྲིད་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་རྩ་མེད་མ་བཏང་བ་ཡིན་ན་མཉམ་འབྲེལ་དམག་སྦྱོང་འདི་དུས་ནམ་ཞིག་ཡིན་རུང་སླར་གསོ་བྱེད་ཆོག་ཆོག་ཡིན་ཞེས་བརྗོད། ལྷོ་ཀོ་རི་ཡ་དང་ཨ་རིའི་མཉམ་འབྲེལ་དམག་སྦྱོང་འདིར་བྱང་ཀོ་རི་ཡ་གཅིག་པུ་མིན་པར་རྒྱ་ནག་དང་ཨུ་རུ་སུ་གཉིས་གཉིས་ཀྱིས་ཀྱང་སྐྱོན་བརྗོད་ཆེན་པོ་བྱེད་ཀྱི་ཡོད་པ་སྟེ། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀས་རང་གི་ས་མཚམས་སུ་ཨ་མི་རི་ཀའི་དམག་དཔུང་འགྲེམ་འཇོག་བྱེད་དུ་འཇུག་འདོད་མེད་པ་རེད།།

XS
SM
MD
LG