ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གིས་སྲིད་འཛིན་ཊོམ་ལ་དམིགས་བསལ་བཅར་འདྲི།


༄༅།། སྲིད་འཛིན་ཌོ་ནལ་ཊོམ་གྱིས་སིང་ག་པུར་དུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་རྗེས་སུ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་གྷ་རེ་ཊ་ཝྭན་ས་སི་ཊེ་རེན་གྱིས་སྲིད་འཛིན་ལ་དམིགས་བསལ་བཅར་འདྲི་ཞུས་དོན།།

དྲི་བ། སྐུ་ཉིད་ཀིམ་ཇུང་ཨུན་གྱི་ཅི་ཞིག་ལ་ཡ་མཚན་སྐྱེས་བྱུང་ངམ།

ལན། ཁོང་ལ་ངོ་མར་མི་གཤིས་རླབས་ཆེན་ཞིག་འདུག ཁོ་པ་མི་བསྟན་བཤིག་ཚ་བོ་དང་གྲུང་པོ། རླབས་ཆེན་གྱི་གྲོས་མོལ་བ་ཞིག་རེད། ཁོང་རང་གི་མི་དམངས་ལ་བརྩེ་བ་འདུག ང་དེ་ལ་ཡ་མཚན་སྐྱེས་མ་སོང་། ཡིན་ནའང་ཁོང་རང་གི་མི་དམངས་ལ་བརྩེ་བ་འདུག ངའི་སེམས་པར་ང་ཚོས་འགོ་འཛུགས་དུས་ནས་ཧ་ལས་པའི་གྲོས་མོལ་ཡག་པོ་ཞིག་བྱུང་སོང་སྙམ། ང་ཚོས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དང་དེ་འཕྲལ་དུ་འགོ་འཛུགས་རྒྱུ་ཡིན། ཨ་མི་རི་ཀའི་དམག་ཞབས་འདས་པོ་རྣམས་ཀྱི་རུས་ཐལ་ཕྱིར་སློག་བྱ་རྒྱུ་ཚུད་པའི་ལས་དོན་སྣ་མང་ཞིག་འབྱུང་བཞིན་ཡོད། གྷ་རེ་ཊ་ཁྱེད་རང་བྱང་ཀོ་རི་ཡར་རྒྱུས་མངའ་ཡོད་པ་ལྟར་དམག་ཞབས་འདས་པོ་རྣམས་ཀྱི་རུས་ཐལ་ལེན་ཐབས་བྱ་རྒྱུ་མི་མང་ཕོན་ཆེན་ཞིག་ལ་ཧ་ཅང་གི་གནད་འགག་ཆེན་པོ་ཡིན། ཁོང་ཚོས་ང་ལ་ཁ་པར་བཏང་བ་དང་འཕྲིན་ཡིག་སྤྲིངས་ནས་རུས་ཐལ་རྣམས་ལེན་ཐབས་འདུག་གམ་ཞེས་དྲིས་བྱུང་། ཀིམ་ཡང་དེ་ལ་མོས་མཐུན་བྱས་སོང་། ཀོ་རི་ཡའི་དམག་འཁྲུག་དུས་སུ་མི་སྟོང་ཕྲག་མང་པོ་ཤི་ཡོད། གྲོས་མཐུན་འདི་གནད་འགག་ཆེན་པོ་ཞིག་ཡིན།།

དྲི་བ། དེ་རིང་སྐུ་ཉིད་ཀྱིས་འགྲོ་བ་མིའི་ཐོབ་ཐང་གླེང་སློང་གནང་འདུག ཀིམ་གྱིས་དེ་ལ་ཕྱིར་ལན་ཅི་ཞིག་སློག་གི་འདུག་གམ།།

ལན། ངས་བལྟས་ན་ཕྱིར་ལན་ཧ་ཅང་ཡག་པོ་སློག་བྱུང་། ང་ཚོས་དུས་ཚོད་བརྒྱ་ཆ་༩༠་ཙམ་ལ་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པར་གྲོས་བསྡུར་བྱས་པ་ཡིན། ཡིན་ནའང་ང་ཚོས་འགྲོ་བ་མིའི་ཐོབ་ཐང་ཚུད་པའི་གནད་དོན་གཞན་པ་མང་དག་ཅིག་གླེང་སློང་བྱས་པ་ཡིན། དམག་ཞབས་འདས་པོ་རྣམས་ཀྱི་རུས་ཐལ་ཕྱིར་ལེན་བྱ་རྒྱུ་གནད་དོན་གལ་ཆེན་ཞིག་ཡིན་པས་ང་ཚོས་གནད་དོན་དེ་ཡིག་ཆའི་ནང་དུ་བཀོད་ཡོད། ང་ཚོས་ཡིག་ཆའི་ནང་དུ་བརྗོད་བྱ་བཟང་པོ་མང་དག་ཅིག་འགོད་ཐུབ་སོང་། འདི་ནི་མི་སུ་གཅིག་གིས་ཀྱང་འགྲུབ་ཐུབ་རྒྱུ་མ་བསམས་པའི་གྲུབ་འབྲས་ཤིག་རེད།།

དྲི་བ། ང་ལ་རྒྱབ་ལོགས་སུ་ཅི་ཞིག་བྱུང་བ་རྣམས་གསུངས་དང་། སྐུ་ཉིད་ཀྱིས་ཀིམ་ལ་ཐ་ཚིག་བསྒྲགས་སམ། ཁོང་གིས་སྐུ་ཉིད་ལ་ཐ་ཚིག་བསྒྲགས་སོང་ངམ། རྣམ་པ་ཚོས་ཕན་ཚུན་ཅི་ཞིག་གླེང་ངམ།

ལན། མ་བསྒྲགས། ཐ་ཚིག་བསྒྲགས་མེད། ང་ཚོས་དོན་དངོས་སུ་ཟླ་བ་གསུམ་ལ་གྲོས་མོལ་བྱས་པ་ཡིན། ང་ཚོས་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཚུད་པའི་བརྒྱུད་ལམ་སྣ་ཚོགས་ཤིག་ཏུ་གྲོས་བསྡུར་བྱས་ཡོད། ཕྱི་སྲིད་དྲུང་ཆེས་ལས་དོན་ཁྱད་དུ་འཕགས་པ་ཞིག་བསྒྲུབས་སོང་། དེར་བརྟེན་ང་ཚོ་དུས་ཡུན་གང་འཚམ་ཞིག་གྲོས་མོལ་ཡག་པོ་བྱུང་སོང་། དེ་རིང་ང་ཚོ་ཐུག་པ་རེད། ང་ཚོ་དང་ཐོག་ནས་མཐུན་པོ་བྱུང་སོང་། ཁྱེད་ཀྱིས་ཤེས་གསལ་ལྟར་ངས་ལས་དོན་བསྒྲུབས་ནས་ཆུ་ཚོད་༢༥་ཕྱིན་སོང་། ང་གཉིད་མ་ཁུག་པར་ཆུ་ཚོད་༢༥་ཡིན། འདི་ནི་གྲོས་མོལ་གྱི་རྒྱུད་རིམ་རིང་པོ་ཞིག་ཡིན་པ་དང་ང་ལ་སྤོབས་པ་སྐྱེས། ང་ཚོས་མགོ་ཞིག་བཙུགས་ཡོད། ཁྱེད་ཀྱིས་ཤེས་གསལ་ལྟར་རྒྱུད་རིམ་འདི་དམག་འཁྲུག་གིས་མཇུག་བསྡུ་དགོས་ཐུག་སྲིད། ཁྱེད་རང་བྱང་ཀོ་རི་ཡར་རྒྱུས་མངའ་ལེགས་པོ་ཡོད་པ་ལྟར་དམག་འཁྲུག་གིས་མི་ས་ཡ་མང་པོའི་ཚེ་སྲོག་འཕྲོག་སྲིད། སོལ་གྲོང་ཁྱེར་གཅིག་པུར་མི་གྲངས་ས་ཡ་༢༨་ཡོད། མི་ས་ཡ་མང་པོ་འཆི་སྲིད་པས་ང་ཚོས་དམག་འཁྲུག་གི་ཉེན་ཀ་མེད་པའི་གྲོས་མཐུན་ཞིག་འཇོག་རྒྱུ་ཡིན།།

དྲི་བ། ང་ཚོའི་དམག་དཔུང་ལ་ཅི་ཞིག་འབྱུང་རྒྱུ་རེད་དམ། ཁོ་ཚོ་ལྷོ་ཀོར་ཡར་འཇོག་རྒྱུ་རེད་དམ།

ལན། རེད། ཁོ་ཚོ་འཇོག་རྒྱུ་ཡིན། ང་ཚོས་དེ་ལ་གྲོས་མོལ་བྱས་མེད། དེ་ལ་གྲོས་མོལ་བྱུང་མེད། ང་ཚོས་འགྲོ་གྲོན་ཤིན་ཏུ་ཆེ་བའི་མཉམ་འབྲེལ་དམག་སྦྱོང་དེ་མཚམས་འཇོག་བྱ་རྒྱུ་ཡིན། ཁྱེད་ཀྱིས་ཤེས་གསལ་ལྟར་དམག་སྦྱོང་དེའི་རྒྱུ་རྐྱེན་དང་པོ་ནི་འཁྲུག་རྩོད་སློང་སྤྱད་ཅིག་ཡིན་པས་ངས་དེ་མཚམས་འཇོག་རྒྱུ་ཡིན། ངའི་སེམས་པར་ཁོ་ཚོ་ཡང་དེ་ལ་ཧ་ཅང་དགའ་སོང་སྙམ། ཅིའི་ཕྱིར་ཞེ་ན་དེ་ནི་ང་ཚོས་རང་ཁུང་བླངས་པ་ཞིག་རེད། དམག་སྦྱོང་དེར་འགྲོ་གྲོན་ཧ་ཅང་ཆེན་པོ་རེད། ང་ཚོས་ལྷག་བསམ་རྣམ་དག་གི་སྒོ་ནས་གྲོས་མོལ་བྱེད་པའི་རིང་དེར་དམག་སྦྱོང་བྱ་རྒྱུ་མིན།།

དྲི་བ། ལོ་བཅུ་ཕྲག་མང་པོར་ངར་སྐད་བསྒྲགས་པའི་རྗེས་སུ་ཀིམ་གྲོས་མོལ་བྱེད་དུ་ཡོང་དགོས་དོན་ཅི་ཞིག་ཡིན་ནམ།

ལན། དོན་དངོས་སུ་ངའི་སྔོན་ལ་ངར་སྐད་བསྒྲགས་པ་དེ་ཙམ་མེད་པར་སྣང་། ངའི་སྔོན་ལ་ཅི་ཡང་མ་སྨྲ་བའི་བརྟུལ་ཞུགས་འཆང་ནས་དེ་ལ་གྲོས་མོལ་བྱས་མི་འདུག གྲོས་མོལ་མ་བྱས་པར་འཇོག་ཐབས་བྲལ། ངའི་སེམས་པར་ཐོག་མར་ངར་སྐད་སྒྲོག་རྒྱུ་གནད་འགག་ཆེན་པོ་རེད་སྙམ། དྲང་པོར་བཤད་ན་མི་ཚོས་ངས་ནོར་འཁྲུལ་ཅན་གྱི་ལས་དོན་ཞིག་སྒྲུབ་ཀྱིན་འདུག་ཅེས་བསམས་པ་ལྟར་ང་ཡང་ངར་སྐད་སྒྲོག་རྒྱུར་གཏན་ནས་དགའ་མོས་མེད། ཡིན་ནའང་ངར་སྐད་མ་བསྒྲགས་པར་ང་ཚོར་འདིར་སླེབས་མེད། ད་དུང་ངའི་སེམས་པར་ཀིམ་ལའང་གྲོས་མཐུན་ཞིག་འཇོག་འདོད་ཡོད་པ་དང་ལས་དོན་ཞིག་སྒྲུབ་འདོད་འདུག་སྙམ།།

དྲི་བ། ཅིའི་ཕྱིར་ཡིན་ནམ།

ལན། ཅིའི་ཕྱིར་ཞེ་ན་ང་ཚོའི་སྡིགས་ར་ངོ་མ་ཡིན་པ་ཀིམ་གྱིས་ཤེས་ཡོད། སྔོན་ཆད་ཁོང་གིས་དེ་ལྟར་བསམས་ཡོད་རྒྱུ་མ་རེད་སྙམ། ངའི་སེམས་པར་སྔོན་ཆད་མི་ཡང་མ་འདྲ་བ་ཡིན་པ་དང་དོན་དག་གྲུབ་མི་འདུག ཡིན་ནའང་ང་ཚོར་གནད་དོན་ཐག་གཅོད་བྱ་འདོད་ཡོད་པ་དང་གནད་དོན་ཐག་གཅོད་བྱ་དགོས། ང་ཚོས་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་ཀིམ་གྱིས་ཤེས་ཡོད། ད་ལྟ་དུས་ཚོད་རིང་པོ་ཞིག་ཕྱིན་མེད་ཀྱང་ང་ཚོས་ལས་དོན་ཞིག་བསྒྲུབས་པ་རེད། ང་ཚོས་ཐོག་མ་ནས་བྱང་ཀོ་རི་ཡར་སྐད་ཆ་མཁྲེགས་པོ་བཤད་སོང་ཞེས་འགྲེལ་བཤད་རྒྱག་ཆོག ཡིན་ནའང་དེ་རིང་ང་ཚོས་ཡིག་ཆ་ཞིག་ལ་མིང་རྟགས་བཀོད་པ་མི་ཚོའི་བསམ་ཡུལ་ལས་འདས་པའི་རླབས་ཆེན་པོ་དང་གཞི་རྒྱ་ཆེ་བ་ཞིག་ཡིན་པས་མི་ཚོས་འདི་འདྲ་ཞིག་འབྱུང་གི་རེད་བསམས་ཡོད་རྒྱུ་མ་རེད།།

དྲི་བ། ཀིམ་ལོག་ཕེབས་དུས་སྐུ་ཉིད་ལ་ཅི་ཞིག་བསམས་ཡོད་རྒྱུ་རེད་སེམས་སམ།

ལན། ངའི་སེམས་པར་ཁོང་ང་ལ་དགའ་མོས་བྱུང་སོང་སྙམ། ང་ཡང་ཁོང་ལ་དགའ་མོས་བྱུང་སོང་། སྔོན་ཆད་ཁོ་པ་མི་གདུག་རྩུབ་ཅན་ཞིག་ཡིན་པ་ངས་ཤེས་ཀྱིན་ཡོད། ང་ལ་དེའི་སྐོར་སུ་གཅིག་གིས་ཀྱང་བཤད་མི་དགོས། ཡིན་ནའང་ང་ཚོ་འཆམ་མཐུན་བྱུང་སོང་། ཀིམ་གྲུང་པོ་དང་རང་མི་དམངས་ལ་བརྩེ་ཞེན་དང་རྒྱལ་ཁབ་ལ་བརྩེ་བ་འདུག ཁོང་གིས་ཕྱོགས་གང་ཐད་དུ་ཡག་པོ་ཞིག་བྱུང་ན་བསམ་འདུག་པས་གྲོས་མོལ་འདི་བྱེད་ཀྱི་ཡོད་པ་རེད།།

དྲི་བ། ཡིན་ནའང་ཀིམ་གྱིས་རང་གི་མི་དམངས་རྣམས་མུག་ཤི་ཐེབས་སུ་བཅུག་དང་མི་དམངས་ཀྱི་སྟེང་དུ་གདུག་རྩུབ་ཆེན་པོ་རེད། དེ་ལྟར་ཡིན་རུང་ཁོ་པར་རང་གི་མི་དམངས་ལ་དགའ་ཞེན་ཡོད་དམ།

ལན། གལ་སྲིད་ཁྱེད་རང་ཚོས་དེ་ལ་བལྟས་ནས་བཤད་ན་ཀིམ་གྱིས་ཀྱང་ཅི་ཞིག་བྱས་པ་རྣམས་ཤེས་ཟིན་པ་རེད། ཡིན་ནའང་ངས་ཁོ་པར་དེ་རིང་དང་ཁ་སང་། ཉེ་བའི་འདུན་ཕྲག་འགའ་ཞིག་གི་ནང་དུ་ཅི་ཞིག་བྱུང་བ་དེར་བལྟ་དགོས་ཀྱིན་འདུག་སེམས། དེ་ནི་ངོ་མར་ཕྱོགས་ཡོངས་ནས་འགྱུར་བ་ཞིག་ཐེབས་པ་རེད། ཡིན་ནའང་ང་ཚོས་བསྐྱར་དུ་ནན་བརྗོད་བྱ་དགོས་པ་ཞིག་ལ་སྡིགས་ར་དང་ཚོང་ལས་བཀག་སྡོམ་གནད་འགག་ཆེན་པོ་ཡིན། ཚོང་ལས་བཀག་སྡོམ་ནི་ང་ཚོས་དགོས་མཁོར་གཞིགས་ནས་གནས་སྐབས་ཤིག་གི་རིང་ལ་རང་སོར་འཇོག་རྒྱུ་ཡིན། རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་འགོ་མ་བཙུགས་བར་དུ་ཚོང་ལས་བཀག་སྡོམ་རང་སོར་འཇོག་རྒྱུ་ཡིན།།

དྲི་བ། ང་ཚོ་ཨ་རིའི་རླུང་འཕྲིན་ཁང་ཡིན་པས་བྱང་ཀོ་རི་ཡའི་མི་དམངས་ཀྱིས་ཀྱང་རྒྱང་བསྒྲགས་འདི་གོ་ཐུབ་རྒྱུ་རེད། སྐུ་ཉིད་ཀྱིས་བྱང་ཀོ་རི་ཡའི་མི་དམངས་ལ་ཐད་ཀར་ཅི་ཞིག་གསུང་འདོད་ཡོད་དམ།

ལན། ངའི་སེམས་པར་ཁྱེད་རང་ཚོར་མི་དམངས་ལ་བརྩེ་ཞེན་ཅན་གྱི་འགོ་ཁྲིད་ཅིག་འདུག ཁོང་གིས་མི་དམངས་ལ་དགེ་མཚན་ཡོད་པ་ཞིག་བསྒྲུབ་འདོད་པས་ང་ཚོ་ཧ་ཅང་འཆམ་མཐུན་བྱུང་སོང་། ང་ཚོར་འཆམ་མཐུན་གྱི་གཤིས་ཀ་བཟང་པོ་ཞིག་འདུག ངས་འཆམ་མཐུན་གྱི་གཤིས་ཀ་གནད་འགག་ཅི་ཙམ་ལ་རྩི་བཞིན་ཡོད་མེད་ཁྱེད་རང་ཚོས་ཤེས་གསལ་རེད། དེ་ནི་གནད་འགག་ཆེན་པོ་ཡིན། འཆམ་མཐུན་གྱི་གཤིས་ཀ་མེད་པའི་མི་ཚོས་དེ་ལ་ཇི་ལྟར་འབད་ཀྱང་ཡོང་གི་མེད་པ་ཤེས་ཡོད། ང་ཚོར་ཐོག་མ་ནས་འཆམ་མཐུན་གྱི་གཤིས་ཀ་ཞིག་འདུག ངས་དེ་ལྟར་ཡོད་པ་བཤད་ཡོད། ངའི་སེམས་པར་བྱང་ཀོ་རི་ཡའི་མི་དམངས་ལ་རླབས་ཆེན་གྱི་དོན་བཟང་ཞིག་འབྱུང་རྒྱུ་རེད་སེམས།།

དྲི་བ། སྲིད་འཛིན་སྐུ་ཞབས། སྐུ་ཉིད་ས་ཝ་ཤིང་ཊོན་ནས་ཕེབས་པ་རེད། སྐུ་ཉིད་མཇལ་བར་དགའ་ཚོར་བྱུང་།

ལན། བདེན་པ་རེད། དུས་ཡུན་རིང་པོ་ཞིག་ཕྱིན་སོང་། ད་སྟེ་གང་འཚམ་ཞིག་ཏུ་ང་གཉིད་ཐུབ་རྒྱུ་ཡིན། ངལ་གསོ་ཅུང་ཙམ་འཐོབ་རྒྱུ་རེད།

གསར་འགོད་པ། ངོ་མ་རེད། སྐུ་ཉིད་བདེ་འཚམས་སུ་རང་ཡུལ་ལ་ཕེབས་པར་ཞུ།

སྲིད་འཛིན། བཀའ་དྲིན་ཆེ། གྷ་རེ་ཊ། ཁྱེད་ལ་ཐུག་པ་གཟི་བརྗིད་ཡིན།།

XS
SM
MD
LG