ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། ཕྱི་ཟླ་༦་ཚེས་༡༢་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིང་ག་པུར་དུ་ཐུག་འཕྲད་བྱས་ཏེ། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དང་ཨ་མི་རི་ཀས་བྱང་ཀོ་རི་ཡའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ། ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་འབྲེལ་བ་གསར་པ་ཞིག་འཛུགས་ཕྱོགས་བཅས་ལ་འབད་བརྩོན་བྱ་རྒྱུ་ཡིན་ཞེས་འཁོད་པའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་འདུག ཡིན་ནའང་ཨ་མི་རི་ཀས་གཞུང་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པ་དང་རྡུལ་ཕྲན་མཚོན་ཆ་མེད་པར་བཏང་བ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངེས་གཏན་ཐུབ་པ། བྱང་ཀོ་རི་ཡ་བསྐྱར་དུ་རྡུལ་ཕྲན་མཚོན་ཆ་བཟོ་ཕྱོགས་སུ་ནམ་ཡང་ཕྱིར་ལོག་བྱེད་མི་ཐུབ་པ་ཞིག་ཏུ་བསྒྱུར་དགོས་ཞེས་པའི་རྗོད་ཚིག་རྣམས་གྲོས་མཐུན་དེར་འཁོད་མེད་པ་རེད།

བྱང་ཀོ་རི་ཡར་མཚོན་ན་ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གཉིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིང་ག་པུར་དུ་ཐུག་འཕྲད་གྲོས་མོལ་བྱུང་བ་ཁོ་ན་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་སྟེ། ཀིམ་ཇུང་ཨུན་གྱི་ཕ་མེས་གཉིས་ཀས་མི་ཚེ་ཧྲིལ་བོར་ཨ་མི་རི་ཀ་དང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་བྱང་ཀོ་རི་ཡ་ངོས་ལེན་བྱ་དགོས་དང་བྱང་ཀོ་རི་ཡར་འོས་ཤིང་འཚམས་པའི་ཆེ་མཐོང་ཞིག་འཐོབ་རྒྱུའི་རེ་སྨོན་བཅངས་པ་ཀིམ་ཇུང་ཨུན་གྱི་དུས་སུ་མངོན་དུ་གྱུར། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གཉིས་མཉམ་དུ་ལངས་ནས་གསར་འགོད་པའི་མདུན་དུ་འདྲ་པར་བསྐྱོན་ཐུབ་པ་དང་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམ་པས་འདྲ་མཉམ་གྱི་གནས་བབ་ཐོག་ཏུ་གྲོས་མོལ་བྱས་ཐུབ་པ། ཨ་རིའི་རྒྱལ་དར་དང་བྱང་ཀོ་རི་ཡའི་རྒྱལ་དར་གཉིས་མཉམ་དུ་བསྒྲེངས་པ་རྣམས་བྱང་ཀོ་རི་ཡའི་གཟི་བརྗིད་དང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ། རྒྱལ་སྤྱིའི་ཐོག་ཏུ་བྱང་ཀོ་རི་ཡའི་སྲིད་དབང་སྒེར་གཅོད་པ་ཀིམ་ཇུང་ཨུན་ཁྲིམས་མཐུན་གྱི་འགོ་ཁྲིད་ཅིག་ལ་ངོས་ལེན་ཐོབ་པ་རྣམས་མཚོན་ཐུབ་པས་སིང་གུ་པུར་གྱི་ཐུག་འཕྲད་གྲོས་མོལ་འདི་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་མཚོན་ན་གྲུབ་འབྲས་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་གསར་འགོད་ལྷན་ཚོགས་ཐོག་ཏུ་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་མཚམས་འཇོག་བྱ་རྒྱུ་ཡིན། མཉམ་འབྲེལ་དམག་སྦྱོང་དེ་འགྲོ་གྲོན་ཆེན་པོ་དང་བྱང་ཀོ་རི་ཡར་འཁྲུག་རྩོད་སློང་སྤྱད་ཅིག་རེད་ཅེས་གླེང་། ད་སྔ་ཕན་ཆད་ལ་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་སྲིད་གཞུང་རིམ་པ་ཞིག་གིས་ཕྱོགས་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་ནི་བྱང་ཀོ་རི་ཡའི་བཙན་དྲག་འགོག་པའི་ཆེད་དུ་ཡིན་ཞེས་འགྲེལ་བཤད་རྒྱག་སྲོལ་ཡོད་པར་རྒྱབ་འགལ་བྱས་ཡོད་ཅིང་། དེར་བརྟེན་ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་ཀྱིས་འཕྲལ་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་མཉམ་འབྲེལ་དམག་སྦྱོང་མཚམས་འཇོག་བྱ་རྒྱུའི་ཁྱབ་བསྒྲགས་པའི་གོ་དོན་ངོ་མ་ཅི་ཞིག་ཡིན་ནམ་ཞེས་དོགས་འདྲི་བྱས་ཡོད་པ་དེ་ལ་བལྟས་ཚེ། སྲིད་འཛིན་ཌོ་ནལ་ཊོམ་གྱིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་གྲོས་བསྡུར་མ་བྱས་པར་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་མཉམ་འབྲེལ་དམག་སྦྱོང་མཚམས་འཇོག་བྱ་རྒྱུའི་ཐག་བཅོད་བྱས་པ་མཚོན་ཐུབ། མདོར་ན་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཀྱི་གྲོས་མོལ་སྐབས་སུ་བྱང་ཀོ་རི་ཡ་དང་རྒྱ་ནག ཨུ་རུ་སུ་བཅས་ཀྱིས་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་ཞེས་ཨ་མི་རི་ཀའི་དམག་རྣམས་ལྷོ་ཀོ་རི་ཡ་ནས་ཕྱིར་འཐེན་བྱ་དགོས་པའི་ལངས་ཕྱོགས་བཟུང་ཡོད་པར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཁས་ལེན་བྱས་པ་ལྟ་བུའི་རྣམ་པ་ཞིག་ཐོན་འདུག ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཀྱིས་མིང་རྟགས་བཀོད་པའི་གྲོས་མཐུན་ཁོངས་སུ་ཉི་ཧོང་གི་རྩ་དོན་འཁོད་མེད་པ་སྟེ། བྱང་ཀོ་རི་ཡའི་གསང་བའི་ལས་ཁང་གིས་ཉི་ཧོང་བ་བརྒྱ་ཕྲག་འགའ་ཞིག་ལྐོག་ཏུ་བཙན་ཁྲིད་བྱས་པ་རྣམས་འཆི་གསོན་ཅི་ཡིན་གསལ་བཤད་དགོས་པ། གལ་སྲིད་ཉི་ཧོང་བ་དེ་རྣམས་འཚོ་གནས་ཡིན་ན་རང་ཡུལ་ལ་ཕྱིར་སློག་བྱ་དགོས་ཞེས་པའི་རྗོད་ཚིག་རྣམས་གྲོས་མཐུན་དེར་འཁོད་མེད་ཅིང་། སིང་ག་པུར་གྱི་གསར་འགོད་ལྷན་ཚོགས་ཐོག་ཏུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རང་སོར་འཇོག་རྒྱུ། ལྷོ་ཀོ་རི་ཡའི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ཡང་ཕྱིར་འཐེན་བྱ་རྒྱུ་མིན། ཀོ་རི་ཡའི་དམག་འཁྲུག་སྐབས་སུ་གར་སོང་ཆ་མེད་དུ་གྱུར་པའམ། ཡང་ན་འདས་གྲོངས་སུ་གྱུར་པའི་ཨ་མི་རི་ཀའི་དམག་ཞབས་འདས་པོ་རྣམས་ཀྱི་རུས་ཐལ་འཚོལ་ཞིབ་བྱ་རྒྱུ། བྱང་ཀོ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པ་སོགས་ལ་གྲོས་མོལ་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག ད་ལྟ་ཉམས་ཞིབ་པ་ཕལ་ཆེ་བས་དོགས་སློང་བྱེད་ཀྱི་ཡོད་པ་ནི་སྔོན་ཆད་ཀྱང་བྱང་ཀོ་རི་ཡས་ཁས་ལེན་དམ་བཅའ་འདི་འདྲ་བྱས་མྱོང་ཡོད་པ་དང་། ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚན་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པར་བྱང་ཀོ་རི་ཡས་མོས་མཐུན་བྱས་ཀྱང་ལྐོག་ཏུ་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་རྣམས་བཟོ་སྐྲུན་བྱས་པར་བརྟེན། ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གྱི་ཐུག་འཕྲད་གྲོས་མོལ་ལ་གྲུབ་འབྲས་ཅི་ཙམ་འཐོན་རྒྱུ་ཡིན་མིན་དང་བྱང་ཀོ་རི་ཡའི་གཞུང་གིས་ངོ་མར་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་ཡིན་མིན་ངེས་གཏན་མེད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཡིད་ཆེས་ཡོད། ཀིམ་ཇུང་ཨུན་གྱིས་བློ་སྟོབས་ཆེ་བའི་གོམས་སྟབས་ཤིག་མདུན་སྤོས་པ་རེད་ཅེས་བསྔགས་བརྗོད་བྱས་པར་མ་ཟད། ད་ནས་བྱང་ཀོ་རི་ཡ་དང་ཨ་མི་རི་ཀའི་འབྲེལ་བ་མ་འདྲ་བ་ཞིག་ལ་འགྱུར་རྒྱུ་ཡིན་ཞེས་བཤད་པར་དོན་འབྲས་ཅི་ཙམ་སོན་རྒྱུ་ཡིན་མིན་དང་། ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འབྲེལ་བ་ངོ་མར་འབྲེལ་བ་གསར་པ་དང་སྔོན་དང་མ་འདྲ་བ་ཞིག་ལ་འགྱུར་ཡིན་མིན་ཕྱིས་སུ་བལྟ་དགོས་པ་རེད།།

XS
SM
MD
LG