ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་དུ་ལུས་པའི་དྲུག་བཞིའི་ལས་འགུལ་བའི་དཀའ་ངལ།


༄༅།། ལོ་༢༩་གོང་དུ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱ་ནག་གི་སློབ་ཕྲུག་ཚོས་དམངས་གཙོའི་ལས་འགུལ་སྤེལ་བར་ཧོང་ཀོང་བ་འབུམ་ཕྲག་མང་པོས་རྒྱ་ནག་གི་སློབ་ཕྲུག་ཚོར་རྒྱབ་སྐྱོར་དང་ལས་འགུལ་དེའི་འགྲོ་གྲོན་ལ་དཔལ་འབྱོར་འདུ་འགོད། ཧོང་ཀོང་མི་དམངས་ཀྱིས་རྒྱ་ནག་གི་སློབ་ཕྲུག་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་གསལ་བོ་བསྟན། ལྷག་པར་དུ་རྒྱ་ནག་གཞུང་གིས་དྲུག་བཞིའི་ལས་འགུལ་ལ་དྲག་གནོན་བྱས་པའི་རྗེས་སུ་སློབ་ཕྲུག་མང་པོ་ཞིག་ཧོང་ཀོང་ལ་བྲོས་བྱོལ་དུ་སོང་ནས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེའི་གཞུང་གིས་རྒྱ་ནག་ནས་བྲོས་བྱོལ་དུ་ཡོང་བའི་སློབ་ཕྲུག་སྐྱབས་བཅོལ་བ་ཚོར་སྲུང་སྐྱོབ་དང་དམངས་གཙོའི་ལས་འགུལ་རྒྱུན་འཁྱོངས་བྱེད་ཆོག་པའི་གོ་སྐབས་ཐོབ། ད་ལྟ་ལོ་༢༩་རྗེས་སུ་ཧོང་ཀོང་གི་སྤྱི་ཚོགས་སུ་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་དང་དོ་སྣང་བྱེད་མཁན་ཧ་ལམ་མེད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་སྟེ། རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པ་དང་མི་སྟོང་ཕྲག་འགའ་ཞིག་བསད་པ་ཧོང་ཀོང་མི་དམངས་ལ་འབྲེལ་བ་མེད་པའི་འདུ་ཤེས་ཤིག་བཟུང་ཡོད་པའི་རྣམ་པ་ཞིག་མངོན། ཡིན་ནའང་ལོ་ན་༢༢་ལ་སོན་པ་ན་གཞོན་ཕཱང་དང་གྲོགས་པོ་ཚོས་བཙུགས་པའི་སློབ་ཕྲུག་གི་སྤྱི་ཚོགས་སྲི་ཞུ་མནའ་འབྲེལ་ཚོགས་པས་ཁྲོམ་གཞུང་དུ་ཧོང་ཀོང་བ་དང་རྒྱ་ནག་སྐམ་ས་ཆེན་མོའི་ཡུལ་སྐོར་སྤྲོ་འཆམ་པ་སོགས་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་མི་དམངས་ལ་ལོ་བཅུ་ཕྲག་གསུམ་གྱི་གོང་དུ་རྒྱ་ནག་གི་འགོ་ཁྲིད་ཚོས་སློབ་ཕྲུག་གི་འགོ་ཁྲིད་པའི་དམངས་གཙོའི་ལས་འགུལ་གྱི་ཐོག་ཏུ་དམག་བཏང་ནས་དྲག་གནོན་བྱས་པ་བརྗེད་མི་ཉན་ཞེས་དྲན་སྐུལ་བྱེད་ཀྱི་ཡོད་ཅིང་། སློབ་ཕྲུག་ཕཱང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་སློབ་ཕྲུག་ཚོར་དྲག་གནོན་བྱས་པ་ཆབ་སྲིད་ཀྱི་གོ་རྟོགས་སད་དགོས་པའི་གནད་དོན་ཞིག་ཡིན། ལོ་རྒྱུས་ཀྱི་ལེའུ་འདི་ལས་སླ་བོར་བརྗེད་ཐུབ་པའམ། ཡང་ན་བསུབ་ཐུབ་པ་ཞིག་མིན་ཞེས་འགྲེལ་བཤད་བརྒྱབ། ཡིན་ནའང་རྒྱ་ནག་གིས་ཧོང་ཀོང་རྩིས་བླངས་པའི་རྗེས་སུ་མངའ་ཁུལ་དེའི་ནང་སྲིད་ལ་པེ་ཅིང་གི་དབང་འཛིན་པ་ཚོས་ཐེ་གཏོགས་བྱ་རྒྱུ་ལོ་རེ་བཞིན་ཤུགས་ཆེ་རུ་སོང་ནས་ཧོང་ཀོང་ས་གནས་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱ་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་པ། ཧོང་ཀོང་གི་ན་གཞོན་ཚོའི་གྲས་སུ་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེ་རང་བཙན་བྱ་དགོས། ཧོང་ཀོང་དང་རྒྱ་ནག་གཉིས་ལ་འབྲེལ་བ་མེད། ཧོང་ཀོང་བ་ཚོ་རྒྱ་མི་རིགས་མིན་ཞེས་ལྟ་བ་འཛིན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས། དེང་སྐབས་ཧོང་ཀོང་དུ་ལུས་ཡོད་པའི་དྲུག་བཞིའི་ལས་འགུལ་ལ་ཞུགས་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ཚོ་ཅི་བྱ་གཏོལ་མེད་དང་བློ་དོགས། རེ་ཐག་ཆད་པའི་གནས་སུ་ལྷུང་། སྔོན་ཆད་ཧོང་ཀོང་སློབ་གྲྭ་ཆེན་མོ་དང་ཧོང་ཀོང་གི་རྒྱ་ནག་སློབ་གྲྭ་ཆེན་མོ་གཉིས་ཀྱི་སློབ་ཕྲུག་ཚོ་དྲུག་བཞིའི་ལས་འགུལ་ལ་རྒྱབ་སྐྱོར་དང་རྗེས་དྲན་གྱི་ལས་འགུལ་སྤེལ་མཁན་གཙོ་བོ་གཉིས་ཡིན་རུང་ད་ལོ་ཧོང་ཀོང་གི་སློབ་ཆེན་དེ་དག་གིས་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་གྱི་ལས་འགུལ་གང་ཡང་སྤེལ་འཆར་མེད་ཅེས་ཁྱབ་བསྒྲགས་བྱས་པར་མ་ཟད། ༢༠༡༤་ལོར་ཧོང་ཀོང་གི་སློབ་ཕྲུག་ཚོས་ས་གནས་དེའི་དམངས་གཙོའི་སྒྱུར་བཅོས་གཏོང་དགོས་པའི་ལས་འགུལ་སྤེལ་པ་དང་ཧོང་ཀོང་ལ་ས་གནས་རིང་ལུགས་ཀྱི་འདུ་ཤེས་ཤིག་དར་འཕེལ་བྱུང་བའི་རྗེས་སུ་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་རྒྱབ་སྐྱོར་པ་མེད་པར་གྱུར། རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཧོང་ཀོང་གི་འཐུས་མི་ཚོས་དབྱིན་ཇིའི་མི་སྲིད་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེར་རྒྱ་ནག་གི་ཆབ་སྲིད་ལ་སྒྱུར་བཅོས་གཏོང་དགོས། རྒྱ་ནག་ལ་སྲིད་དོན་ཚོགས་པ་གཅིག་གིས་དབང་སྒྱུར་བྱེད་པའི་ཆབ་སྲིད་ཀྱི་ལམ་ལུགས་མཇུག་བསྒྲིལ་དགོས་ཞེས་སྐད་འབོད་བྱེད་མི་ཆོག ཁ་སྔོན་ཕྱི་ཟླ་༣་ནང་དུ་ཚོགས་པའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་ས་གནས་དེར་རྒྱ་ནག་དམར་ཤོག་ཚོགས་པར་དབང་སྒྱུར་བྱེད་ཆོག་པའི་དབང་ཚད་ཆེན་པོ་ཡོད་ཅེས་ཐག་བཅད། དེར་བརྟེན་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་བྲོས་བྱོལ་ལ་སོང་ནས་ལུས་ཡོད་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ཚོར་སྔར་ལས་ལྷག་པའི་དཀའ་ངལ་དང་མདུན་ལམ་བརྟན་པོ་མེད་པ་ཞིག་ལ་གྱུར། ཧོང་ཀོང་གི་དམངས་གཙོ་བ་རྒན་རབས་ཧུ་ཁྲུན་ཡན་གྱིས་ལོ་ངོ་བཅུ་ཕྲག་མང་པོར་དམངས་གཙོའི་ལས་འགུལ་འདིར་ཞུགས་པའི་འཐབ་རྩོད་པ་ཚོར་ལས་འགུལ་འདི་རྒྱུན་འཁྱོངས་བྱ་མི་ཐུབ་པའི་དཀའ་ངལ་མེད། ང་ཚོར་པེ་ཅིང་གི་དབང་འཛིན་པ་ཚོས་སྡིགས་ར་བསྐུལ་ཡང་སྐྲག་སྣང་མེད། ང་ཚོའི་དཀའ་ངལ་ཆེ་ཤོས་ནི་ཧོང་ཀོང་གི་ན་གཞོན་ཚོས་རང་གི་ངོ་བོ་གསལ་བོ་ཞིག་ངོས་མ་ཟིན་པར་དོགས་འཛིན་གྱི་དཀའ་ངལ་ཞིག་འཕྲད་ཡོད་པ་ཇི་ལྟར་སེལ་དགོས་མིན་གྱི་དཀའ་ངལ་ཡིན། ཧོང་ཀོང་གི་ན་གཞོན་མང་པོ་ཞིག་གིས་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་དོ་སྣང་དང་རྒྱ་ནག་མི་དམངས་ལ་གཏམ་བརྗོད་རང་དབང་མེད་པར་གླེང་སློང་བྱ་དགོས་དོན་མེད། འདི་ནི་ང་ཚོའི་སྤྱི་དམངས་དང་ཀུན་སྤྱོད་ཀྱི་ལས་འགན་གཉིས་ཀ་མིན་སྙམ་པའི་འདུ་ཤེས་ཤིག་བཟུང་འདུག ཧོང་ཀོང་གི་མར་མེ་ཁྲོམ་སྐོར་རྣམས་རྒྱ་ནག་ལ་དམངས་གཙོ་དར་སྤེལ་འབྱུང་རྒྱུའི་རེ་བ་ཞིག་འཆང་ཡོད་པའི་མཚོན་དོན་ཡིན། ཡིན་ནའང་ཧོང་ཀོང་གི་ན་གཞོན་ཚོས་གུང་ཁྲན་ཏང་གི་དབང་སྒྱུར་འོག་ཏུ་རྒྱ་ནག་ལ་དམངས་གཙོ་དར་སྤེལ་ཐུབ་རྒྱུ་མངོན་དུ་འགྱུར་ཐུབ་པ་ཞིག་མིན་པའི་ལྟ་ཚུལ་བཟུང་འདུག་ཅེས་བཤད། ད་ལྟ་ལོ་༢༩་རྗེས་སུའང་ཧོང་ཀོང་བ་མང་ཆེ་བས་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པ་ནོར་འཁྲུལ་ཞིག་ཡིན་པའི་ལྟ་ཚུལ་བཟུང་ཡོད་པ་རེད།།

XS
SM
MD
LG