ངོ་འཕྲད་བདེ་བའི་དྲ་འབྲེལ།

གསང་ཉུལ་བཀག་འགོག་གི་བཅའ་ཁྲིམས་བསྐྱར་ཞིབ།


༄༅།། ཨོ་གླིང་རྒྱལ་ཁབ་ཀྱི་གསང་བའི་ལས་ཁང་ཁག་གིས་འཇིགས་སྐུལ་རིང་ལུགས་ལ་དམིགས་པ་གཏོད་རྒྱུ་ཐལ་དྲགས་ནས་རྒྱ་ནག་གི་སིམ་འཛུལ་དང་རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་འགོག་རྒོལ་བྱ་རྒྱུ་འཐུས་ཤོར་བྱུང་སྟེ། ད་ལྟ་ཨོ་གླིང་གཞུང་གིས་གསང་ཉུང་བཀག་འགོག་གི་བཅའ་ཁྲིམས་ལ་བསྐྱར་ཞིབ་བྱ་དགོས་པའི་དུས་སུ་བབ་ཅིང་། འདས་པའི་ལོ་མང་རིང་ཨོ་གླིང་གཞུང་གིས་རང་གི་གསང་བའི་ལས་ཁང་ཁག་དང་ཉེན་རྟོག་ལས་ཁང་ཁག་ལ་འགྲོ་གྲོན་འཐོལ་པ་སྤྲད་པ་དང་དབང་ཚད་ཆེ་རུ་བཏང་ནས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་ནུས་པ་ཆེ་རུ་བཏང་མོད། ན་ནིང་ཕྱི་ཟླ་༡༢་པའི་ནང་དུ་ཨོ་གླིང་རྒྱལ་ཁབ་ལ་འཇིགས་སྐུལ་རིང་ལུགས་ལས་ལྷག་པར་རྒྱ་ནག་གི་གསང་ཉུལ་སིམ་འཛུལ་དང་རྒྱ་ནག་གི་ཤུགས་རྐྱེན་ཁྱབ་གདལ་འགྲོ་བཞིན་པ་ཉེན་ཀ་ཆེ་བ་ཡོད་པ་ངོས་ཟིན། དེར་བརྟེན་ཨོ་གླིང་གཞུང་གིས་རང་ཡུལ་གྱི་སྲིད་དོན་པ་དང་སྲིད་དོན་ཚོགས་པ་ཁག་ལ་རྒྱལ་ཁབ་གཞན་གྱིས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ཁྲིམས་འགལ་དུ་བསྒྱུར་དགོས། ཨོ་གླིང་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཁག་དང་སྲིད་དོན་ཚོགས་པ་ཁག་གིས་རྒྱལ་ཁབ་གཞན་གྱི་སྲིད་གཞུང་ཁག་ལ་འབྲེལ་བ་ཡོད་པའི་ཨོ་གླིང་རྒྱལ་ཁབ་ཀྱི་དམངས་ཚོའི་ལག་ནས་དངུལ་སྒོར་ཞལ་འདེབས་ལེན་མི་ཆོག་པའི་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པའི་བསྐྱར་ཞིབ་བྱེད་ཀྱི་ཡོད་པ་སྟེ། ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་ཁྱབ་ཁྲིམས་འཛིན་པ་ཕཱོར་ཊར་གྱིས་གསར་འགོད་པར་བརྗོད་དོན། ད་ལྟ་ང་ཚོ་སྔོན་ཆད་བྱུང་མྱོང་མེད་པའི་ཕྱིའི་རྒྱལ་ཁབ་ཀྱི་ཐེ་གཏོགས་དང་ཤུགས་རྐྱེན། གསང་ཉུལ་སིམ་འཛུལ་དང་རྒྱལ་ནང་གི་འཇིགས་སྐུལ་རིང་ལུགས་བཅས་ཀྱི་ཉེན་ཀ་འབྱུང་བའི་དུས་སྐབས་ཤིག་ཏུ་འཚོ་བཞིན་ཡོད། ང་ཚོས་ཨོ་གླིང་རྒྱལ་ཁབ་ཀྱི་ཁྲིམས་ལ་མགོ་ནས་མཇུག་བར་དུ་བསྐྱར་ཞིབ་གཟབ་ནན་ཞིག་བྱེད་ཀྱི་ཡོད་པ་རྒྱལ་ཁབ་གཞན་ཞིག་དམིགས་འབེན་དུ་བཟུང་མེད་ཅེས་བཤད་འདུག ཡིན་ནའང་བཅའ་ཁྲིམས་བསྐྱར་ཞིབ་འདིར་ལོ་བཅུ་ཕྲག་བཞིའི་རྗེས་སུ་ཨོ་གླིང་རྒྱལ་ཁབ་ཀྱི་གསང་ཉུལ་བཀག་འགོག་གི་ཁྲིམས་ལ་བསྐྱར་ཞིབ་བྱེད་ཀྱི་ཡོད་པ་ཞིག་ཡིན་པར་མ་ཟད། ཞིབ་བསྐྱར་ཚོགས་ཆུང་གི་འགོ་ཁྲིད་དེར་ཨོ་གླིང་རྒྱལ་ཁབ་ཀྱི་གསང་བའི་ལས་ཁང་གི་འགན་འཛིན་ཟུར་པ་བསྐོ་བཞག་ཡོད་པ་དེ་ལ་བལྟས་ན་བཅའ་ཁྲིམས་བསྐྱར་ཞིབ་ཀྱི་དམིགས་འབེན་རྒྱ་ནག་ཡིན་པ་དང་། སྔ་ལོ་ཨོ་གླིང་རྒྱལ་ཁབ་ཀྱི་གསང་བའི་ལས་ཁང་གི་འགན་འཛིན་ཟུར་པ་རི་ཆར་ཌི་སན་གྱིས་རྒྱ་ནག་ལ་ཨོ་གླིང་གཞུང་གིས་ཕྱོགས་ཡོངས་ནས་དོགས་ཟོན་བྱེད་དགོས་ཀྱིན་འདུག་ཅེས་ཉེན་བརྡ་བཏང་ཞིང་། ཌི་ཁིན་སློབ་གྲྭ་ཆེན་མོའི་སློབ་དཔོན་བྷར་ཊོན་གྱིས་ཀྱང་རྒྱ་ནག་གི་ཉེན་ཀ་སྔོན་ཆད་བྱུང་མྱོང་མེད་པ་ཞིག་ཡིན། དེང་སྐབས་རྒྱ་ནག་ལ་ཧམ་སེམས་དང་ནུས་པ། འགྲོ་གྲོན་དང་མིའི་མཐུན་རྐྱེན་སོགས་ཕྱོགས་གང་ཐད་དུ་ཆ་རྐྱེན་འཛོམས་པས་ཨོ་གླིང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་སྒྱུར་བཅོས་མ་བཏང་ན་དྲྭ་ལམ་གྱི་སིམ་འཛུལ་སོགས་ལ་གདོང་ལེན་ཇི་ལྟར་བྱ་དགོས་པའི་ལམ་སྟོན་གསལ་བོ་མེད་ཅེས་བཤད། ཨོ་གླིང་རྒྱལ་ཁབ་ཀྱི་གསང་བའི་ལས་ཁང་གིས་རང་ཡུལ་གྱི་སློབ་ཆེན་ཁག་གིས་རྒྱ་ནག་ལ་དོགས་ཟོན་གཟབ་ནན་བྱ་དགོས། རྒྱ་ནག་གི་སློབ་ཕྲུག་གྲས་སུ་གསང་ཉུལ་དང་ཚན་རིག་ལག་རྩལ་རྐུ་འཁྱེར་པ། རྒྱ་ནག་དམར་ཤོག་གི་ལྟ་བ་དང་ལངས་ཕྱོགས་ཨོ་གླིང་རྒྱལ་ཁབ་ལ་ཁྱབ་སྤེལ་གཏོང་མཁན་མང་པོ་ཞིག་འདུག་ཅེས་ཉེན་བརྡ་བཏང་འདུག ཨོ་གླིང་རྒྱལ་ཁབ་ཀྱི་གསར་འགྱུར་ལས་ཁང་ཁག་གིས་རང་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམས་དང་སྲིད་དོན་ཚོགས་པ་ཁག པེ་ཅིང་དུ་བཅའ་སྡོད་ཨོ་གླིང་གཞུང་ཚབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་སོགས་ལ་རྒྱ་ནག་གི་འབྱོར་ལྡན་པ་ཚོས་དངུལ་སྒོར་ལྐོག་མ་བརྫངས་ནས་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཀྱིན་འདུག་ཅེས་ཉེན་བརྡ་བཏང་རུང་རྒྱ་ནག་གཞུང་གིས་གསང་ཉུལ་ལ་འགྲོ་གྲོན་བཏང་ནས་ཨོ་གླིང་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཀྱི་མེད་ཅེས་དགག་པ་བརྒྱབ་འདུག

XS
SM
MD
LG