ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་ཕྱིར་འཐེན།


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཕྱི་ཟླ་༦་ཚེས་༡༢་ཉིན་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིང་ག་པུར་དུ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པ་ཕྱིར་འཐེན་བྱས་ཏེ། ཁ་སྔོན་ཕྱི་ཟླ་༢་ནས་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་ཐུབ་རྒྱུ་དང་ལྷོ་བྱང་ཀོ་རི་ཡ་གཉིས་ཞི་བདེ་མཉམ་གནས་ཐུབ་པའི་རྣམ་པ་ཐོན་མེད་པར་གྱུར། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་འཕྲིན་ཡིག་ཅིག་སྤྲིངས་ནས་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རིམ་པའི་ཐུག་འཕྲད་གྲོས་མོལ་ཕྱིར་འཐེན་བྱས་པ་ཡིན་ཞེས་བཀོད།

དེ་ཡང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་མཚན་ཐོག་ཏུ་སྤྲིངས་པའི་འཕྲིན་ཡིག་དེར་འཁོད་དོན། ཉེ་དུས་ཤིག་ནས་བྱང་ཀོ་རི་ཡའི་གཞུང་གིས་སྤེལ་བའི་གསལ་བསྒྲགས་ཁག་ཏུ་ཁོང་ཁྲོ་དྲག་པོ་དང་མངོན་སུམ་གྱིས་སྡང་ཟུག་ཆེན་པོ་བྱེད་ཀྱིན་ཡོད་པའི་རྣམ་པ་ཤུགས་ཆེན་ཐོན་པར་བརྟེན། ང་ཚོ་ཕྱི་ཟླ་༦་ཚེས་༡༢་ཉིན་སིང་ག་པུར་དུ་ཐུག་འཕྲད་བྱ་རྒྱུ་བྱས་ཡོད་པ་ལྟར་ཐུག་འཕྲད་བྱས་ན་འོས་འཚམས་ཤིག་མིན་པ་དང་། འོན་ཀྱང་ཉིན་ཞིག་ལ་ང་ཚོ་ཐུག་འཕྲད་བྱེད་ཐུབ་པའི་རེ་བ་ཆེན་པོ་ཡོད། རྣམ་པ་ཚོས་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་ཡོད་ཅེས་ངར་སྐད་སྒྲོགས་ཀྱིན་ཡོད་ཀྱང་ང་ཚོའི་རྡུལ་ཕྲན་མཚོན་ཆ་ནི་ལྡབ་འགྱུར་གྱི་སྟོབས་ཤུགས་ཆེ་བ་ཡོད། ངས་རྟག་ཏུ་དཀོན་མཆོག་ལ་རྡུལ་ཕྲན་མཚོན་ཆ་རྣམས་ནམ་ཡང་བཀོལ་སྤྱོད་བྱ་མི་དགོས་པར་ཤོག་ཅིག་ཅེས་སྨོན་ལམ་འདེབས་བཞིན་ཡོད། ཉེ་ཆར་བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀའི་སྤྱི་དམངས་གསུམ་གློད་གྲོལ་བཏང་ནས་རང་ཡུལ་ལ་ཕྱིར་ལོག་དང་བཟའ་མི་ལྷན་འཛོམས་བྱུང་དུ་བཅུག་པར་རྗེས་སུ་ཡི་རང་ཞུ་ཞེས་དོན་ཚན་ཁག་ཅིག་འཁོད་འདུག

ཕྱི་ཟླ་༥་ཚེས་༢༤་ཉིན་གྱི་སྔ་དྲོར་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པ་ཆཱོས་སོན་ཧུའི་ཡིས་ཨ་རིའི་སྲིད་འཛིན་གཞོན་པ་མེཀ་པེན་སི་ནི་བླུན་པོ་ཞིག་རེད། བྱང་ཀོ་རི་ཡས་ནམ་ཡང་ཨ་མི་རི་ཀར་གྲོས་མོལ་བྱ་དགོས་ཞེས་ཞུ་བ་འཐེན་རྒྱུ་མིན། བྱང་ཀོ་རི་ཡ་དང་ལི་བྷི་ཡ་གཉིས་བསྡུར་ཐབས་མེད། ང་ཚོ་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཞེས་སྡིགས་ར་བསྐུལ།།

བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་གཞོན་པས་ཀྱང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས། གལ་སྲིད་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་མ་བཏང་ན་རྒྱལ་ཁབ་དེའི་དམར་ཤོག་སྲིད་གཞུང་ལི་བྷི་ཡའི་འགོ་ཁྲིད་ཟུར་པ་མཱོ་མར་གྷ་དྷ་ཧྥིའི་སྲིད་གཞུང་གི་རྗེས་སུ་འགྲོ་སྲིད་ཅེས་ཉེན་བརྡ་བཏང་སྟེ། བྱང་ཀོ་རི་ཡའི་གཞུང་གིས་ཨ་རིའི་སྲིད་འཛིན་གཞོན་པ་མེཀ་ཕེན་སི་དང་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱོན་བྷོལ་ཊོན་གཉིས་ལ་ཁ་རྡུང་དྲག་པོ་བཏང་ཞིང་། ༢༠༠༣་ལོར་ཨ་མི་རི་ཀས་ཨི་རཀ་ལ་དམག་བརྒྱབ་ནས་ས་ཏམ་ཧུ་སེན་གྱི་སྲིད་གཞུང་མགོ་རྟིང་སློག ས་ཏམ་ཧུ་སེན་ཕ་བུ་རྣམས་དམར་གསོད་བྱས་པས་ལི་བྷི་ཡའི་གཞུང་གིས་རང་གི་རྡུལ་ཕྲན་ལས་གྲྭ་ཁག་སྒོ་བརྒྱབ་ནས་རྡུལ་ཕྲན་མཚོན་ཆར་མཁོ་བའི་རྒྱུ་ཆ་རྣམས་རྩིས་སྤྲད། ༢༠༡༡་ལོར་དཀྱིལ་ཤར་ས་ཁུལ་དང་ཨ་ཧྥི་རི་ཀའི་བྱང་ཕྱོགས་སུ་ཨ་རབ་རྒྱལ་ཁབ་ཁག་ལ་དཔྱིད་ཀྱི་གསར་བརྗེ་ལངས་ནས་ལི་བྷི་ཡའི་མི་དམངས་ཀྱིས་མཱོ་མར་གྷ་དྷ་ཧྥིའི་སྲིད་གཞུང་མགོ་རྟིང་སློག་པ་དང་། ཨ་མི་རི་ཀས་ལི་བྷི་ཡའི་མི་དམངས་ལ་རྒྱབ་སྐྱོར་བྱས་ནས་མཱོ་མར་གྷ་དྷ་ཧྥི་དམར་གསོད་བྱེད་དུ་བཅུག་པར་བརྟེན། བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀའི་ཀུན་སློང་ངོ་མ་ཀིམ་ཇུང་ཨུན་དམར་གསོད་བྱ་རྒྱུ་དང་བྱང་ཀོ་རི་ཡའི་དམར་ཤོག་སྲིད་གཞུང་མགོ་རྟིང་སློག་རྒྱུ་ཁོ་ན་ཡིན་པའི་དོགས་ཟོན་བྱས་ནས་འགལ་ཟླ་ལངས་སོ།།

XS
SM
MD
LG