ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མ་དབྱིན་ཇུག་ཟླ་བ་བཞི་ལ་བཙོན་འཇུག་བྱ་སྲིད།


༄༅།། ཐེ་ཝན་གྱི་ཁྲིམས་ཁང་ཞིག་གིས་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་ལ་སྲིད་གཞུང་གི་གསང་གཏམ་ཕྱིར་བསྒྲགས་བྱས་པའི་ནག་ཉེས་ཐོག་ཏུ་དུས་ཡུན་ཟླ་བ་བཞིའི་རིང་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད། གལ་སྲིད་མ་དབྱིན་ཇུག་གིས་ཨ་སྒོར་༤༠༠༠་ཆད་པ་འཇལ་ནས་གོང་རིམ་ཁྲིམས་ཁང་ལ་ཞུ་གཏུགས་བྱས་ན་བཙོན་འཇུག་གི་ཉེས་ཆད་འོག་ནས་ཐར་སྲིད་པའི་རེ་བ་ཡོད་ཅིང་། ཕྱི་ཟླ་༥་ཚེས་༡༥་ཉིན་ཐེ་ཝན་གྱི་མཐོ་རིམ་ཁྲིམས་ཁང་ཞིག་གིས་ཐག་གཅོད་བྱས་པ་ལྟར་ན་ལོ་ན་༦༧་ལ་སོན་པའི་སྲིད་འཛིན་ཟུར་པ་དང་གོ་མིན་ཏང་གི་འགོ་ཁྲིད་ཟུར་པ་མ་དབྱིན་ཇུག་གིས་སྲིད་འཛིན་གྱི་ལས་ཁུར་བཞེས་པའི་རིང་དེར་ཁྲིམས་འཛིན་ལྷན་ཁང་གིས་ཉེས་དོན་ཞིག་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པའི་གསང་བའི་གནས་ཚུལ་རྣམས་ཕྱིར་བསྒྲགས་བྱས་སོང་ཞེས་ནག་ཉེས་བཙུགས་འདུག ༢༠༡༣་ལོར་ཐེ་ཝན་གྱི་ཁྲིམས་འཛིན་ལྷན་ཁང་གིས་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཝང་ཅིན་ཕིང་དང་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཞིག་གིས་ཁ་པར་ནང་དུ་གླེང་མོལ་བྱེད་ཀྱི་ཡོད་པར་ལྐོག་ཉན་བྱས་པ་དང་། ཝང་ཅིན་ཕིང་དང་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་དེའི་གླེང་མོལ་གྱི་ནང་དོན་རྣམས་སྲིད་འཛིན་མ་དབྱིན་ཇུག་གིས་ཕྱིར་བསྒྲགས་བྱས་པ་རྩད་གཅོད་ཐུབ་ཅིང་། ཐེ་ཝན་གཞུང་གིས་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་དེས་གསང་བ་ལྐོག་ཉར་བྱ་དགོས་པའི་མཚོ་གླིང་དེའི་ཁྲིམས་ལ་འགལ་འཛོལ་བྱུང་སོང་ཞེས་ནག་ཉེས་བཙུགས་ཀྱང་ཁྲིམས་ཁང་གིས་གྲོས་ཚོགས་འཐུས་མི་དེར་ནག་ཉེས་ཡོད་པ་ར་སྤྲོད་མ་ཐུབ་པར་ཉེས་ཡངས་གཏོང་རྒྱུའི་ཐག་བཅད། སྲིད་འཛིན་མ་དབྱིན་ཇུག་གིས་བསྐྱར་དུ་གོང་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས་གྲོས་ཚོགས་འཐུས་མི་ཁེ་ཁྲེན་མིང་ལ་ཉེས་ཡངས་ཐོབ་པ་འཕྲུ་སློག་གཏོང་དུ་འཇུག་དགོས་ཞེས་ཁྲིམས་འཛིན་ལྷན་ཁང་གི་ལས་སྣེ་ཚོར་བཀག་བཏང་ཡང་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཝང་ཅིན་ཕིང་གིས་ཁྲིམས་འཛིན་ལྷན་ཁང་གི་ལས་སྣེ་ཚོར་གོང་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱ་མི་དགོས་པའི་གནོན་ཤུགས་སྤྲད་པ་རེད་ཅེས་སྲིད་འཛིན་མ་དབྱིན་ཇུག་གིས་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཝང་ཅིན་ཕིང་ལ་ནག་ཉེས་བཙུགས་མོད། འོན་ཀྱང་ཐེ་ཝན་གྱི་གྲོས་ཚོགས་ཚོགས་གཙོ་ཟུར་པ་ཝང་ཅིན་ཕིང་ལ་ཁྲིམས་འགལ་བྱས་པའི་ནག་ཉེས་གང་ཡང་ཐོན་མེད། དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁེ་ཁྲེན་མིང་གིས་སྲིད་འཛིན་མ་དབྱིན་ཇུག་གིས་གསང་གཏམ་ཕྱིར་བསྒྲགས་བྱས་སོང་ཞེས་ཁ་མཆུ་བཙུགས་ནས་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་དུས་ཡུན་ཟླ་བ་༤་ལ་བཙོན་འཇུག་བྱ་སྲིད། གོ་མིན་ཏང་གི་འགོ་ཁྲིད་ཟུར་པ་མ་དབྱིན་ཇུག་གིས་༢༠༠༨་ནས་༢༠༡༦་བར་དུ་ཐེ་ཝན་གྱི་སྲིད་དབང་བཟུང་ནས་རྒྱ་ནག་སྐམ་ས་ཆེན་མོར་འབྲེལ་བ་དམ་ཟབ་བཙུགས། དེའི་སྔོན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཧྲུའི་པེན་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ལོ་༢༠་ཐམ་པའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཀྱང་༢༠༡༥་ལོར་སྨན་བཅོས་ཀྱི་གན་རྒྱ་བཞག་ནས་གློད་གྲོལ་ཐོབ། ཐེ་ཝན་ལ་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་འཛིན་དང་པོ་ལི་ཏིང་ཧུའི་ལའང་ཁྲིམས་འགལ་ཐོག་ཏུ་དངུལ་སྒོར་གཏོང་ལེན་བྱས་པ་དང་གཞུང་གི་དངུལ་སྒོར་སྒེར་དོན་ལ་འགྲོ་གྲོན་བཏང་བའི་ནག་ཉེས་བཙུགས་ཀྱང་༢༠༡༣་ལོར་ཁྲིམས་ཁང་གིས་སྲིད་འཛིན་ཟུར་པ་ལི་ཏིང་ཧུའི་ལ་ནག་ཉེས་གསལ་བོ་འཛུགས་རྒྱུ་མེད་པར་ནག་ཉེས་མི་འདུག་ཅེས་ཐག་བཅད། ལི་ཏིང་ཧུས་༡༩༨༨་ནས་༢༠༠༠་བར་དུ་སྲིད་དབང་བཟུང་ནས་ཐེ་ཝན་ལ་དམངས་གཙོའི་སྒྱུར་བཅོས་ཆེན་པོ་བཏང་ཡོད་པ་རེད།།

XS
SM
MD
LG