ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བཏོན་པའི་འཛམ་གླིང་ཧྲིལ་བོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཀྱི་སྙན་ཐོ་ལྟར་ན་རྒྱ་ནག་གཞུང་ནི་སོ་སོའི་རྒྱལ་ཁོངས་སུ་མང་ཚོགས་ཀྱི་གཞི་རྩའི་རང་དབང་ལ་ཉིན་ལྟར་རྡོག་བརྫིས་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་ཞེས་འཁོད།

སྙན་ཐོ་དེ་འགྲེམ་སྤེལ་སྐབས་སུ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་དང་འབྲེལ་བའི་སྡེ་ཚན་གྱི་མཐོ་རིམ་མི་སྣ་མཱེ་ཁཱེལ་ཁོ་ཟག་གིས་གནས་ཚུལ་ངོ་སྤྲོད་ཞུས་དོན། རྒྱ་ནག་གི་སྤྱི་ཚོགས་སུ་གཉའ་གནོན་གྱི་གནས་སྟངས་འབྱུང་རྒྱུ་ཤུགས་ཆེར་ཕྱིན་པར་ཨ་རིས་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད།

ལོ་སྔོན་མར་ཇེ་སྡུག་ཏུ་གྱུར་བའི་ཐད་ནས་བཤད་ན་ཧྥ་ལུན་གུང་རྩ་རླུང་སྒོམ་སྒྲུབ་ཚོགས་པས་དུས་ཡུན་རིང་པོ་ཞིག་ལ་མནར་གཅོད་མྱངས། ཡུ་གུར་བ་རྣམས་ལ་བཟང་ལེགས་ཀྱི་ལོ་ཞིག་བྱུང་མེད། བོད་པ་ཚོར་ཡང་ལོ་དུས་ངན་པ་ཞིག་བྱུང་ཡོད། ཚོགས་སྡེ་དེ་དག་དང་སྤྱི་ཚོགས་ལ་གཉའ་གནོན་བྱེད་པའི་ཚད་ཤུགས་ཆེ་རུ་ཕྱིན་པའི་རྟགས་མཚན་འདུག་ཅེས་བསྒྲགས།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྙན་ཐོའི་ནང་དུ་༢༠༡༧་ལོར་གང་བྱུང་འཛིན་བཟུང་དང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་ནི་མུ་མཐུད་དུ་ཚབས་ཆེ། ལྷག་པར་དུ་ཁྲིམས་རྩོད་པ་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། གསར་འགོད་པ། ཆོས་ལུགས་ཀྱི་དབུ་ཁྲིད། ཆབ་སྲིད་བཙོན་པ་ཟུར་པ་བཅས་ཀྱིས་དཀའ་སྡུག་ཚབས་ཆེན་མྱོང་བཞིན་འདུག་ཅེས་བཀོད་འདུག

འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཀོ་ཀྲི་ཧྲིན་ནི་ཕྱི་ཟླ་༨་པའི་ནང་གར་སོང་ཆ་མེད་དུ་གྱུར་པ་དང་། ཁྲིམས་རྩོད་པ་དེ་གང་དུ་ཡོད་མེད་གསང་རྒྱ་ཡིན་རུང་ཉེན་རྟོག་རུ་ཁག་གི་བཀག་ཉར་ཁང་ཞིག་ཏུ་འདུག་ཅེས་བཟའ་མི་ཚོར་བཤད་ཡོད་པའི་གནས་ཚུལ་ཐོན། ཁྲིམས་རྩོད་པ་ཝང་ཆོན་ཀྲང་ནི་༢༠༡༥་ལོའི་ཟླ་༧་པའི་ཚེས་༩་སྟེ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་ཁྲིམས་དོན་ལས་བྱེད་པ་མང་པོ་ཞིག་སྡེབ་བཟུང་བྱས་པའི་ཉིན་མོ་༧༠༩་ ཞེས་གྲགས་པའི་ཉིན་འཛིན་བཟུང་བྱས་པ་དེ་དག་གི་གྲས་སུ་ཚུད་ཅིང་། ཁོང་ད་དུང་ཡང་གང་དུ་ཡོད་པ་ཤེས་རྟོགས་ཐུབ་མེད། ཁོ་པ་བཀག་ཉར་བྱས་པ་ནས་ད་ལྟའི་བར་དུ་ནང་མི་ཚོས་ཝང་ཆོན་ཀྲང་གི་གནས་སྟངས་སྐད་ཆ་ཚིག་གཅིག་ཐོས་མྱོང་བྱུང་མེད།

སྙན་ཐོ་དེར་བཀོད་པའི་བློ་འཚབ་བྱ་ས་གཞན་ཞིག་ནི་ཞིན་ཅང་དང་བོད་ས་ཁག་ཏུ་གཉའ་གནོན་བྱེད་པའི་ཚད་གཞི་ཡིན། ས་ཁུལ་དེ་དག་ཏུ་ལག་རྩལ་མཐོ་བའི་ལྟ་རྟོག་པར་ཆས་ཇེ་མང་དུ་བཏང་བ་དང་ཉེན་རྟོག་མི་སྣ་འགྲེམ་འཇོག་གི་ཚད་གཞི་མཐོ་རུ་བཏང་སྟེ། མི་ཁྲི་འབུམ་མང་པོ་གར་སོང་ཆ་མེད་དུ་གྱུར་པ་འམ། ཡང་ན་བཀག་ཉར་བྱས་པ། ཁོ་ཚོ་ནི་ཁ་ཆེའི་ཆོས་ལུགས་སམ། མི་རིགས་ཀྱི་འདུ་ཤེས་འབའ་ཞིག་ལ་བརྟེན་ནས་བཀག་ཉར་ཐེབས།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྙན་ཐོར་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་བྱས་པའི་གནས་ཚུལ་གཞན་ཀྱང་བཀོད་ཡོད། དེའི་གྲས་སུ་སྲིད་གཞུང་གིས་གསར་འགྱུར་བརྒྱུད་ལམ་དང་དྲ་ལམ་ལ་དམ་དྲག་བྱས་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་གྲངས་ཉུང་མི་རིགས་ཀྱི་གནད་དོན་གླེང་བའི་ཚོགས་སྡེ་དང་མི་སྒེར་པ་བཅས་ལ་དམ་དྲག་ཆེན་པོ། འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་འོག་ཏུ་བཙན་ཤེད་ཀྱིས་སྐྱེ་སྒོ་བཀག་པ་དང་། མངལ་སྦྲུམ་བླངས་པའི་གནས་ཚུལ་ཀྱང་ཁ་ཤས་བྱུང་ཡོད། དེ་བཞིན་དུ་སྨྲ་བརྗོད་རང་དབང་དང་། འདུ་འཛོམས། ཚོགས་པ་འཛུགས་པ། འགྲོ་སྐྱོད་བཅས་ལ་དམ་དྲག་ཆེན་པོ་ཐེབས་འདུག་ཅེས་འཁོད།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མཐོ་རིམ་མི་སྣ་ཁོ་ཟག་གིས་ཨ་རིས་རྒྱ་ནག་གི་འགོ་ཁྲིད་ཚོར་སྔོན་ཆད་ལྟར་འབོད་སྐུལ་གཅིག་མཚུངས་ཤིག་ཞུ་བཞིན་ཡོད། དེ་ནི་རྒྱ་ནག་མི་དམངས་ཀྱི་འཇོན་ཐང་ཡོངས་སུ་འདོན་དུ་འཇུག་འདོད་ཡོད་ཚེ། སྒོ་མོ་ཡོངས་སུ་དབྱེ་རྒྱུ་ནི་ཐབས་ལམ་ཡིན་པ་ལས་གནོན་བཙིར་མིན་ཞེས་བཤད་བཞིན་ཡོད་པ་བརྗོད་འདུག

XS
SM
MD
LG