ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་རྩོད་གཞི་ཆེན་པོ་བྱུང་བ་དང་ཕྱོགས་གཉིས་ཀྱི་དམག་དཔུང་ཐུག་གྲབས་འབྱུང་གྲབས། ཨེ་ཤི་ཡའི་སྟོབས་ཆེན་ཁྱིམ་མཚེས་རྒྱལ་ཁབ་གཉིས་ལ་མངའ་ཁོངས་དང་བདག་དབང་གི་རྩོད་གཞི་ཆེན་པོ་བྱུང་རུང་། དེ་རིང་ཕྱི་ཟླ་༤་ཚེས་༢༦་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཉིས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་དུ་མཇལ་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་སླར་གསོ་ཡོང་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་ཅིང་། རྒྱལ་སྤྱིའི་གསར་འཕྲིན་ཁག་ཏུ་ན་ནིང་སྤྱི་ལོ་༢༠༡༧་ལོར་རྒྱ་ནག་གིས་བོད་དང་འབྲས་ལྗོངས། འབྲུག་ཡུལ་བཅས་ཀྱི་ས་མཚམས་ཏེ། ཡོངས་གྲགས་སུ་འབྲོག་ལམ་ཞེས་པའི་ས་ཁུལ་དེར་གཞུང་ལམ་ཞིག་འཛུགས་སྐྲུན་བྱས་པས་འབྲུག་ཡུལ་དང་རྒྱ་གར་ལ་རང་སྲུང་གི་དོགས་འདྲོག་ལངས་ནས་འབྲུག་ཡུལ་གྱི་རྒྱབ་རྩར་རྒྱ་གར་ལངས་པ་དང་། ཁོ་ཚོས་རྒྱ་ནག་གིས་འབྲོག་ལམ་ས་ཁུལ་དུ་གཞུང་ལམ་ཞིག་འཛུགས་སྐྲུན་བྱེད་ཀྱི་ཡོད་པར་འགོག་རྒོལ་བྱས་ནས་རྒྱ་དཀར་ནག་གཉིས་ཀྱིས་དམག་ཁྲུག་རྒྱག་སྲིད་པའི་ཛ་དྲག་ཆེན་པོ་བྱུང་ཡོད། ཡིན་ནའང་༢༠༡༧་ལོའི་སྤྱི་ཟླ་༩་བར་རྒྱལ་སྤྱིའི་ཚོགས་ཆེན་ཞིག་གི་ཞོར་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཉིས་མཇལ་འཕྲད་བྱུང་རྗེས་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་དང་བློན ཆེན། བདེ་སྲུང་བློན་ཆེན་དང་རྒྱལ་སྲུང་སློབ་སྟོན་པ་རྣམས་རིམ་བཞིན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་སྲིད་དབང་རྒྱུན་སྲིང་བྱུང་བར་སྲིད་བློན་མོ་དྷིའི་ཚབ་ཞུས་ནས་རྟེན་འབྲེལ་ཞུས་ཤིང་། ད་དུང་༢༠༡༨་འདིར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ནས་མི་ལོ་༦༠་འཁོར་བའི་དྲན་གསོའི་མཛད་སྒོར་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཁག་མཉམ་ཞུགས་མི་བྱེད་པའི་བཀོད་ཁྱབ་བཏང་བ། དེ་བཞིན་རྒྱ་ནག་གི་ཕྱོགས་ནས་ཀྱང་བོད་ནས་བཞུར་བཞིན་པའི་ཆུ་བོའི་ནུས་པ་དང་ཐོན་ཁུངས་རྣམས་རྒྱ་གར་ལ་མཉམ་སྤྱོད་བྱ་རྒྱུ་བཅས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་བའི་ཆ་རྐྱེན་ཁག་ཅིག་བསྐྲུན་པའི་སྟབས་ཀྱིས་ཐེངས་འདིར་རྒྱ་དཀར་ནག་གི་འགོ་ཁྲིད་རྣམ་གཉིས་མཇལ་འཕྲད་གྲོས་མོལ་གནང་ཐུབ་ཡོད་པ་རེད།།

XS
SM
MD
LG